ལ་དྭགས་ཡུལ་དུ་རྩི་ཤིང་འདེབས་འཛུགས་ཀྱི་ལམ་ནས་འཛམ་གླིང་ཁོར་ཡུག་གི་ཉིན་མོ་སྲུང་བརྩི་གནང་འདུག

འཛམ་གླིང་ཁོར་ཡུག་གི་ཉིན་མོ་ཞེས་ལོ་ལྟར་ཕྱི་ཟླ་༦པའི་ཚེས་༥ཉིན་གང་སར་ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་བའི་ལས་འགུལ་སྤེལ་ནས་ཁོར་ཡུག་ཉིན་མོ་བརྩི་སྲུང་ཞུ་བཞིན་པ་ལྟར། ཉིན་དེར་ལ་དྭགས་ཡུལ་གྱི་རྒྱལ་ས་གླེ་ནས་རྒྱང་ཐག་སྤྱི་ལེ་༡༡༢ཙམ་གྱི་སར་ཡོད་པ་ཤམ་ཕྱོགས་སྟག་མ་གཅིག་ཡུལ་དུ་ལྗང་བསྒྱུར་རང་བསྒྱུར་ཚོགས་པའི་ལས་འགུལ་ཆེན་མོ་ཐེངས་བཅོ་ལྔ་པ་སྒྲུབ་རྒྱུད་བསྟན་པའི་མངའ་བདག་འབྲི་གུང་སྐྱབས་མགོན་ཆེ་ཚང་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་ལ་དྭགས་ཡུལ་དུ་རྩི་ཤིང་འདེབས་འཛུགས་ཀྱི་ལས་འགུལ་ཆེ་ཤོས་དེ་སྤེལ་གནང་སོང་།
འབྲི་གུང་སྐྱབས་མགོན་ཆེ་ཚང་རིན་པོ་ཆེ་མཆོག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། འཛམ་གླིང་ཁོར་ཡུག་གི་ཉིན་མོ་སྲུང་བརྩི་གནང་རྒྱུ་ནི་ཁ་ནས་བཤད་པ་ཙམ་མིན་པར་དོན་དངོས་ལག་བསྟར་གནང་རྒྱུ་གལ་ཆེན་པོ་ཡིན་པ་ལྟར། ད་རེས་ལྗང་བསྒྱུར་ལས་འགུལ་འདི་ལ་དྭགས་ཡུལ་གྱི་མཚོ་ངོས་ལས་མཐོ་ཚད་རྨིས་༢༩༠༠ལྷག་གི་སར་རྩི་ཤིང་འདེབས་འཛུགས་གཞི་རྒྱ་ཆེན་པོ་བྱས་ཡོད་ལ། ད་བར་དུ་ལོ་ངོ་མང་པོའི་རིང་ལྗང་བསྒྱུར་ལས་འགུལ་ཐེངས་བཅོ་ལྔ་སྤེལ་བའི་ཁྲོད་རྩི་ཤིང་ས་ཡ་གཉིས་ཙམ་འདེབས་འཛུགས་གནང་ཐུབ་ཡོད་པ་གསུངས་བྱུང་།
སྟག་མ་གཅིག་ཡུལ་དུ་ཆུ་དཀོན་པོ་ཡོད་པ་དང་རྩི་ཤིང་འདེབས་འཛུགས་ཀྱི་ལས་འགུལ་སྤེལ་བ་དེར་ལ་དྭགས་གླེ་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ནས་དཔལ་འབྱོར་སོགས་ཀྱི་རོགས་རམ་གནང་ཡོད་པ་ལྗང་སྒྱུར་རང་སྒྱུར་ཚོགས་པའི་ངེས་སྟོན་པ་འབུམ་རམས་པ་འཕྲིན་ལས་རྡོ་རྗེ་ལགས་ཀྱིས་གསུངས་བྱུང་།
འདས་པའི་ལོའི་ནང་ལ་དྭགས་བྱང་ཐང་ཆུ་ཤུལ་དང་། ཉོ་མ། ཡང་བོད་མཁར་བུ་ལ་སོགས་ཡུལ་མང་པོ་ལ་ལྗང་བསྒྱུར་རང་བསྒྱུར་གྱི་རྩི་ཤིང་འདེབས་འཛུགས་ལས་འགུལ་ཐེངས་མང་སྤེལ་ཡོད་པ་དང་། ལོ་སྔོན་མ་འབྲི་གུང་སྐྱབས་མགོན་ཆེ་ཚང་རིན་པོ་ཆེ་མཆོག་གིས་ལ་དྭགས་ས་གནས་སུ་ཁོར་ཡུག་སྲུང་སྐྱོབ་ཐོག་ཕྱག་ལས་འདྲ་མིན་གནང་བར་༢༠༢༢ལོར་ལ་དྭགས་ས་གནས་འཛིན་སྐྱོང་ནས་རིན་པོ་ཆེ་མཆོག་ལ་ལྗང་སྒྱུར་རང་སྒྱུར་ངོ་ཚབ་ཀྱི་མཚན་རྟགས་ཕུལ་ཡོད་པ་རེད།
ལོ་ལྟར་འཛམ་གླིང་ཁོར་ཡུག་ཉིན་མོར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ནས་ལོ་རེར་བརྗོད་གཞི་འདྲ་མིན་འོག་སྲུང་བརྩི་གནང་བཞིན་པ་དང་། འདི་ལོ་ས་ཆ་བྱེ་ཐང་དུ་འགྱུར་བ་དང་ཐན་པ་འབྱུང་སའི་ས་གཞི་བསྐྱར་གསོའི་དགོས་བའི་དམིགས་ཚད་བཟུང་ཡོད་པ་རེད་འདུག
ཉིན་དེར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པ་མཆོག་གིས། ང་ཚོས་ངེས་པར་དུ་རང་གི་ཁྱིམ་ལྟར་ཁོར་ཡུག་སྲུང་སྐྱོབ་བྱེད་དགོས། ང་ཚོར་ཉི་མའི་འོད་དང་རླུང་གི་ནུས་ཤུགས་ཡོད་པ་དེ་དག་བེད་སྤྱོད་གཏོང་གི་ཡོད་ཀྱང་། ད་ལྟ་སྔར་ལས་ལྷག་པའི་འབད་བརྩོན་བྱེད་དགོས་ཞེས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པ་མཆོག་གིས་ངོ་དེབ་བརྒྱུད་གསུང་འཕྲིན་སྩལ་འདུག
ཕྱི་ཚེས་༥་ཉིན། བཞུགས་སྒར་རྡ་རམ་སཱ་ལ་གཙོས་ས་གནས་གང་སར་འཛམ་གླིང་ཁོར་ཡུག་གི་ཉིན་མོ་རྣམ་པ་འདྲ་མིན་གྱི་སྒོ་ནས་སྲུང་བརྩི་གནང་འདུག
གསར་འགོད་པ། འཕྲིན་ལས་ཆོས་སྒྲོན།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།