མདོ་དབུས་མཐོ་སྒང་གི་མཚེའུ་རྒྱ་ཆེ་རུ་འགྲོ་བཞིན་པ་དེས་ཕྱོགས་མང་པོ་ལ་ཤུགས་རྐྱེན་ཐེབས་ཉེན་ཡོད་འདུག
མདོ་དབུས་མཐོ་སྒང་གི་གནམ་གཤིས་འགྱུར་ལྡོག་གིས་མཚེའུ་རྒྱ་ཆེ་རུ་འགྲོ་བཞིན་པ་དེས་སྤྱི་ཚོགས་དང་སྐྱེ་དངོས་ཁོར་ཡུག་ལ་ཤུགས་རྐྱེན་ཐེབས་རྒྱུ་དང་ཆུའི་གནས་ཚད་རིམ་བཞིན་མཐོ་རུ་བཏང་བ་དེས་མ་འོངས་མདོ་དབུས་མཐོ་སྒང་དེ་བཞིན་ཚོད་དཔག་དཀའ་བའི་གནས་སུ་གྱུར་རྒྱུའི་ཉེན་ཁ་ཡོད་པ་ཚན་རིག་པའི་ཉམས་ཞིབ་ཀྱི་གྲུབ་དོན་ནས་ཤེས་རྟོགས་བྱུང་འདུག
དེ་ཡང་(Fenglin Xu)་དང་། (Guoqing Zhang)་བཅས་གོ་ལའི་རང་བྱུང་ཁོར་ཡུག་གི་ཚན་རིག་པ་ཚོས་༢༠༢༤ལོར་ཚན་རིག་ཉམས་ཞིབ་ཀྱི་གྲུབ་དོན་རྙེད་པའི་ནང་དོན་ལྟར་ན། ཆར་པ་བབ་ཚད་དང་འཁྱགས་རོམ་བཞུ་ཚད་མཐོ་རུ་སོང་བ་དེས་མཚེའུ་རྒྱ་ཆེ་རུ་འགྲོ་བཞིན་པ་དེས་མདོ་དབུས་མཐོ་སྒང་གི་ས་ཁྱོན་ཆུང་དུ་གཏོང་བཞིན་ཡོད་པ་མ་ཟད། རྒྱ་ནག་ནང་ཁུལ་གྱི་མཚོ་དང་མཚེའུ་ཡི་རྒྱ་ཁྱོན་བརྒྱ་ཆ་༥༠ཆེ་རུ་འགྲོ་རྒྱུ་ཡིན་པ་དང་། ས་ཁྱོན་ཆུང་རུ་འགྲོ་བཞིན་པ་ཡིན་པ་ཤེས་རྟོགས་བྱུང་ཡོད་པ་རེད། ས་ཁྱོན་ཆུང་རུ་འགྲོ་བཞིན་པ་དེས་ཞིང་ལས་དང་། ཁུལ་དེར་འཚོ་གནས་བྱེད་བཞིན་ཡོད་པའི་བྱ་བྱིའུ་སེམས་ཅན་དང་། དེ་བཞིན་གཞི་རྩའི་འཛུགས་སྐྲུན་སོགས་ལ་ཤུགས་རྐྱེན་ཐེབས་རྒྱུ་ཡིན་པས། དེའི་ཐད་ལ་ཐབས་ཇུས་རང་བཞིན་ལྡན་པའི་ཐབས་ལམ་གྱི་ཐོག་ནས་དཔལ་འབྱོར་དང་། སྐྱེ་དངོས་ཁོར་ཡུག་མྱུར་སྐྱོབ་བྱ་དགོས་པའི་གནས་སྟངས་ཆགས་རྒྱུ་ཡིན་ལུགས་བཀོད་འདུག
ཡང་ཉེ་ཆར་བཏོན་པའི་ཚན་རིག་པའི་ཉམས་ཞིབ་ཀྱི་གྲུབ་དོན་དེའི་ནང་། འཛམ་གླིང་ཐོག་གི་མཚོ་དང་མཚེའུ་གཞི་རྒྱ་ཆེ་ཤོས་ཡིན་པའི་བོད་མཐོ་སྒང་གི་མཚོ་དང་མཚེའུ་ཁག་བརྒྱ་ཆ་༥༠་ཡན་ཆད་སྐམ་ཚར་ཡོད་པ་གསལ་སྟོན་བྱས་ཡོད་པ་རེད། འོན་ཀྱང་ཕྱི་ཟླ་༥ཚེས་༢༧་ཉིན་༼རང་བྱུང་གོ་ལའི་ཚན་རིག་༽ཞེས་པའི་དུས་དེབ་ཐོག་དཔྱད་རྩོམ་ཞིག་སྤེལ་ཡོད་པའི་ནང་། དུས་རབས་འདིའི་དུས་མཇུག་ཏུ་སླེབས་དུས་མདོ་དབུས་མཐོ་སྒང་ནང་གི་མཚོ་དང་མཚེའུ་དེ་བཞིན་གྲངས་ཀ་ཇེ་མང་དུ་འགྲོ་རྒྱུ་ཡིན་པ་དང་། དེའི་རྐྱེན་གྱིས་ས་གཞིའི་རྒྱ་ཁྱོན་ཇེ་ཅུང་འགྲོ་བ་དང་། དེ་དང་འབྲེལ་བའི་དཔལ་འབྱོར་དང་ཁོར་ཡུག དེ་བཞིན་གནམ་གཤིས་འགྱུར་ལྡོག་སོགས་ཀྱི་ཤུགས་རྐྱེན་ཧ་ཅང་ཆེན་པོ་ཐེབས་རྒྱུའི་ཉེན་ཁ་ཡོད་པ་ཚན་རིག་པའི་ཉམས་ཞིབ་གྲུབ་དོན་ནང་བཀོད་འདུག
གསར་འགོད་པ། སྐལ་བཟང་སྒྲོལ་མ།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།