རྒྱ་ནག་གིས་བོད་རང་སྐྱོང་ལྗོངས་ཞེས་འབོད་བཞིན་པའི་ནང་གི་ས་ཁུལ་མང་བོ་ཞིག་རྒྱལ་ཁབ་སྤྱི་གླིང་ཟེར་བར་བསྒྱུར་རྒྱུ་ཡིན་འདུག

2025.01.24
རྒྱ་ནག་གིས་བོད་རང་སྐྱོང་ལྗོངས་ཞེས་འབོད་བཞིན་པའི་ནང་གི་ས་ཁུལ་མང་བོ་ཞིག་རྒྱལ་ཁབ་སྤྱི་གླིང་ཟེར་བར་བསྒྱུར་རྒྱུ་ཡིན་འདུག གནམ་མཚོ་ཕྱུག་མོའི་ཁུལ། ༩།༢༠༢༤
མི་སེར་གྱི་འདྲ་པར།

རྒྱ་ནག་གི་གསར་ལམ་ཁག་གི་གནས་ཚུལ་ལྟར་ན། རྒྱ་ནག་གིས་བོད་རང་སྐྱོང་ལྗོངས་སྲིད་གཞུང་ཞེས་སུ་འབོད་པས། ཁུལ་དེའི་ཐུན་མོང་མ་ཡིན་པའི་མཛེས་ལྗོངས་དང་སྐྱེས་དངོས་སྣ་མང་ཅན་གྱི་རང་བྱུང་གི་མཛེས་ལྗོངས་དྲུག་རྒྱལ་ཁབ་སྤྱི་གླིང་གི་ལས་འཆར་ནང་དུ་འཇོག་རྒྱུའི་གཏན་འབེབ་བྱས་ཡོད་པའི་སྐོར་བཀོད་ཡོད་པ་རེད།
གནས་ཚུལ་འདི་ནི་སྤྱི་ཟླ་༡པོའི་ཚེས་༢༢ཉིན་སྤེལ་འདུག་ལ། བོད་རང་སྐྱོང་ལྗོངས་སྐབས་བཅུ་གཉིས་པའི་མི་དམངས་འཐུས་མི་ཚོགས་ཆེན་ཐེངས་གསུམ་པའི་སྟེང་དུ། བོད་རང་སྐྱོང་ལྗོངས་ཀྱི་མངའ་ཁུལ་དུ་ཡོད་པའི་གཙང་བོ་གསུམ་གྱི་མགོ་ཁུངས་ས་ཁུལ་དང་བྱང་ཐང་། གངས་ཏེ་སེའི་རི་རྒྱུད་དང་ཇོ་མོ་གླིང་མའི་རི་རྒྱུད། ཡར་ཀླུང་གཙང་པོའི་འབབ་རྒྱུད་སོགས་རང་བྱུང་གི་ས་ཁུལ་དྲུག་རྒྱལ་ཁབ་སྤྱི་གླིང་གི་ལས་འཆར་དུ་འཇོག་རྒྱུའི་གཏན་འབེབ་བྱས་ཡོད་ཚུལ་བཀོད་ཡོད་པ་དང་། ས་ཁུལ་དྲུག་པོ་དེའི་རྒྱ་ཁྱོན་དུ་སྤྱི་ལེ་གྲུ་བཞི་མ་བཞི་འབུམ་ལྷག་ཡོད་ཅིང་། བོད་རང་སྐྱོང་ལྗོངས་ཀྱི་ས་ཁྱོན་གྱི་སྤྱིའི་སུམ་ཆའི་གཅིག་ཟིན་ཡོད་པའི་སྐོར་སོགས་བཀོད་འདུག་ལ་དེའི་ཐད་རྒྱ་ནག་གི་བྱེད་སྟངས་ཁག་ཅིག་གིས་བོད་མཐོ་སྒང་གི་ཁོར་ཡུག་ཉམས་ཆག་འགྲོ་བཞིན་པ་ཉམས་ཞིབ་པས་གསུང་བྱུང་། 
དེ་སྔ་༢༠༢༢ལོའི་ཕྱི་ཟླ་༦པའི་ཚེས་༨ཉིན་རྒྱ་ནག་གཞུང་འབྲེལ་མཚོ་སྔོན་ཞིང་ཆེན་ནགས་ཚལ་དང་རྩྭ་ཐང་ལས་ཁུངས་ཟེར་བས་ཆོག་མཆན་སྤྲད་པ་བཞིན། རྒྱ་ནག་གཞུང་གིས་བསྐྱར་དུ་མཚོ་སྔོན་པོའི་མཚོ་ཁར་རྒྱལ་ཁབ་སྤྱི་གླིང་ཟེར་བ་ཞིག་འཛུགས་སྐྲུན་བྱ་རྒྱུ་འགོ་བཙུགས་ཡོད་པ་དང་། སྤྱི་གླིང་དེ་བཞིན་བོད་ནང་གི་སྤྱི་གླིང་ཆེ་ཤོས་གྲས་ཤིག་ཡིན་པའི་ཁུལ་དེར་བོད་ཀྱི་འབྲོག་པ་མང་པོ་འཚོ་གནས་བྱས་ཡོད། དེའི་ཐད་ཁེ་ཎ་ཌ་ནས་ཡིན་པ་ཁོར་ཡུག་ཉམས་ཞིབ་པ་དང་རྩོམ་པ་པོ་མཱ་ཁིལ་བྷག་ལེ་(MichaelBuckley)་ལགས་ཀྱིས། རྒྱ་ནག་གཞུང་གིས་བོད་ཀྱི་ཁོར་ཡུག་དེ་བཞིན་འཛམ་གླིང་གི་རང་བྱུང་ཁོར་ཡུག་དོ་སྙོམས་ཤོས་ཡིན་པ་སོགས་བརྗོད་བཞིན་ཡོད་ཀྱང་། དེ་དག་ཤོག་ངོས་ལ་བཀོད་པ་ཙམ་མ་གཏོགས། དོན་དངོས་སུ་སྤྱི་གླིང་ཁག་ཏུ་སེམས་ཅན་རི་དྭགས་མཐོང་རྒྱུ་མེད་པ་དང་། རོང་འབྲོག་མང་ཚོགས་བཙན་ཐབས་ཀྱིས་ས་ཆ་གཞན་ལ་གནས་སྤོ་བྱེད་བཅུག་སྟེ། བོད་ཀྱི་ཁོར་ཡུག་སྤྱིའི་གནས་བབ་ལ་གཏོར་སྐྱོན་ཆེན་པོ་གཏོང་གི་ཡོད་སྐོར་འགྲེལ་བརྗོད་གནང་བྱུང་། ཁོར་ཡུག་ཉམས་ཞིབ་པ་མཱ་ཁིལ་བྷག་ལེ་ལགས་ནི་ཨེ་ཤེ་ཡའི་ཁོར་ཡུག་ཉམས་ཞིབ་པ་དང་། ལྷག་པར་དུ་བོད་མཐོ་སྒང་གི་ཁོར་ཡུག་དང་གཙང་བོ་ཁག་གི་གནས་སྟངས་ཐད་ཉམས་ཞིབ་གནང་མཁན་ཞིག་ཡིན་པ་དང་། ཁོང་དེ་སྔ་བོད་ནང་ཕེབས་མྱོང་ཡོད་པ་མ་ཟད། བོད་ཀྱི་ཁོར་ཡུག་གི་གནས་སྟངས་སྐོར་ལ་བཞུ་བཞིན་པའི་བོད་(Meltdown in Tibet)་ཅེས་པའི་དཔེ་དེབ་ཅིག་ཀྱང་བརྩམས་གནང་ཡོད་པ་རེད།
གཞན་སྐབས་དེར་བོད་གནས་ལྟ་ཞིབ་ཁང་གི་ཉམས་ཞིབ་པ་པདྨ་རྒྱལ་ལགས་ཀྱིས། རྒྱ་ནག་གཞུང་གིས་ཁོར་ཡུག་སྲུང་སྐྱོབ་ཟེར་ནས་བོད་ནང་གང་སར་སྤྱི་གླིང་འཛུགས་བསྐྲུན་བྱས་བ་དེ་དག་གིས་བོད་ནང་རང་གི་ཕ་མེས་ཡང་མེས་ནས་བཟུང་འཚོ་གནས་བྱས་ཡོད་པའི་རོང་འབྲོག་མང་ཚོགས་ཀྱི་འཚོ་གནས་རང་དབང་ཐད་དཀའ་ངལ་ཤུགས་ཆེར་སྤྲོད་བཞིན་ཡོད་པ་མ་ཟད། ཕྱི་ལོ་༢༠༡༩ལོར་སྤྱི་གླིང་འཛུགས་སྐྲུན་ཐད་རྒྱ་རིགས་ཁོར་ཡུག་ཉམས་ཞིབ་པ་ཚོས་ནོར་འཁྲུལ་དང་ཁོར་ཡུག་གཏོར་སྐྱོན་བྱེད་བཞིན་པའི་བསམ་ཚུལ་བཤད་ཡོད་པ་རེད་ལ། ད་ལྟའི་ཆར་ལོ་རེ་བཞིན་ཡོད་ནང་ས་འགུལ་དང་རྩྭ་ས་བྱེ་ཐང་དུ་འགྱུར་བ་སོགས་རང་བྱུང་གི་གོད་ཆག་ཇེ་མང་དུ་འགྲོ་བཞིན་པ་དེས། རྒྱ་ནག་གིས་བོད་ནང་ཁོར་ཡུག་གཏོར་སྐྱོན་ཤུགས་ཆེར་གཏོང་བཞིན་པའི་དཔེ་མཚོན་ཞིག་ཡིན་སྐོར་བརྗོད་ཡོད།


གསར་འགོད་པ། ཀེ་ཐོ།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎