བོང་སྟག་ཕྱོགས་ཀྱི་འབྲོག་པ་མང་ཚོགས་བཞི་སྟོང་ཙམ་གནས་སྤོར་གྱི་ལས་གཞིའི་ཁྲོད་བཅུག་འདུག

2020.09.08
ཐེམ་ཆེན་རྫོང་མུ་རིའི་རྡོ་སོལ་གཏེར་ཁུལ། ཐེམ་ཆེན་རྫོང་མུ་རིའི་རྡོ་སོལ་གཏེར་ཁུལ།
བོད་འབྱོར།

རྒྱ་ནག་གཞུང་གིས་བོང་སྟག་གམ་ཐེམ་ཆེན་ཕྱོགས་ཀྱི་འབྲོག་པ་མང་ཚོགས་བཞི་སྟོང་ཙམ་གནས་སྤོར་གྱི་ལས་གཞིའི་ཁྲོད་བཅུག་པར་ས་གནས་བོད་མི་ཚོས་སེམས་ཁྲལ་བྱེད་བཞིན་འདུག
རྒྱ་ནག་དམར་ཤོག་གཞུང་གིས་མདོ་ལ་རི་རྒྱུད་རྒྱལ་ཁབ་ཀྱི་སྐྱེ་ཁམས་རང་བྱུང་སྤྱི་གླིང་ཟེར་བ་བཙུགས་ནས། བོང་སྟག་སྟེ་ཐེམ་ཆེན་རྫོང་གི་མུ་རུ་གྲོང་བརྡལ་དང་། སུ་རུ་ཡུལ་ཚོ། འབྲུག་ཁྱུང་ཡུལ་ཚོ་བཅས་ས་ཁུལ་གསུམ་གྱི་བོད་མི་འབྲོག་པ་མང་ཚོགས་ ༤༠༠༠ ་ཙམ་ད་ལོའི་ལོ་མཇུག་བར་དུ་ན་གོར་མོ་རུ་གནས་སྤོར་དགོས་པའི་ལས་གཞི་ཞིག་ད་ལྟ་སྤེལ་བཞིན་པ་དང་། ས་གནས་འབྲོག་པ་མང་ཚོགས་ཀྱིས་སེམས་ཁྲལ་ཆེན་པོ་བྱེད་བཞིན་ཡོད་འདུག
མཚོ་སྔོན་ཐེམ་ཆེན་རྫོང་གི་གཞུང་འབྲེལ་གྱི་སྐད་འཕྲིན་འཕྲིན་སྟེགས་སྟེང་སྤེལ་བའི་གནས་ཚུལ་ལྟར་ན། ཟླ་ ༩ ་པའི་ཚེས་ ༣ ་ཉིན་ཐེམ་ཆེན་རྫོང་གིས་མདོ་ལ་རི་རྒྱུད་རྒྱལ་ཁབ་སྤྱི་གླིང་གི་དཀྱིལ་དབུས་སུ་འཁེལ་བའི་ཐེམ་ཆེན་ས་ཁུལ་གྱི་སྐྱེ་ཁམས་ཡུལ་མི་གཞིས་སྤོར་ལས་དོན་སྐུལ་འདེད་ཚོགས་འདུ་ཞེས་པ་འཚོགས་ནས། ད་ལོའི་ལོ་མཇུག་ཏུ་ཡུལ་མི་གཞིས་སྤོར་ལས་དོན་ཡོངས་སུ་འགྲུབ་དགོས་ལུགས་ནན་བརྗོད་བྱས་འདུག
མདོ་ལ་རི་རྒྱུད་རྒྱལ་ཁབ་སྐྱེ་ཁམས་རང་བྱུང་སྤྱི་གླིང་ཟེར་བའི་ཁྱབ་ཁོངས་སུ་བོང་སྟག་སྟེ་ཐེམ་ཆེན་རྫོང་གི་མུ་རུ་གྲོང་བརྡལ་དང་། སུ་རུ་ཡུལ་ཚོ། འབྲུག་ཁྱུང་ཡུལ་ཚོ་བཅས་ཀྱི་གྲོང་བརྡལ་དང་ཡུལ་ཚོ་གསུམ་གྱི་འབྲོག་པ་ ༤༠༠༠ ་ཙམ་ད་ལོར་ན་གོར་མོ་རུ་གནས་སྤོར་དགོས་པའི་སྐོར་ས་གནས་བོད་མི་མིང་བཤད་འདོད་མེད་པ་ཞིག་གིས་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་བརྗོད་བྱུང་། ས་གནས་བོད་མི་དེས་ཉེ་ལམ་མུ་རུའི་རྡོ་སོལ་གཏེར་ཁ་ལོ་མང་རིང་ཁྲིམས་འགལ་གྱིས་བསྔོག་པའི་དོན་རྐྱེན་བྱུང་རྗེས། མདོ་ལ་རི་རྒྱུད་རྒྱལ་ཁབ་སྐྱེ་ཁམས་རང་བྱུང་སྤྱི་གླིང་གི་ཁོར་ཡུག་སྲུང་སྐྱོབ་ཆེད་འབྲོག་པ་ཁྱིམ་ཚང་མང་པོ་ཞིག་ན་གོར་མོ་རུ་གཞིས་སྤོར་བའི་ལས་གཞི་ཟེར་བ་ཞིག་བཤད་ནས། མང་ཚོགས་ཀྱི་བསམ་ཚུལ་དང་མིང་རྟགས་བསྡུ་རུབ། སྲིད་ཇུས་དྲིལ་བསྒྲགས་དང་སྐུལ་འདེད་སོགས་ལས་དོན་སྣ་མང་ཞིག་སྤེལ་མུས་སུ་ཡོད་ཅིང་། གོང་ཞུས་ས་ཁུལ་གསུམ་གྱི་འབྲོག་པ་མང་ཚོགས་གཞིས་སྤོར་རྒྱུར་འདོད་པ་མེད་མོད། འོན་ཀྱང་ཡུལ་ཚོའི་སྡེ་དཔོན་སོགས་ལ་ཡང་ཡང་ཚོགས་འདུ་འཚོགས་ནས་མོས་མཐུན་ཡིན་པའི་མིང་ཡིག་འབྲི་དགོས་པར་སྐུལ་མ་བྱེད་བཞིན་ཡོད་པ་དང་། ས་གནས་འབྲོག་པ་ཚོ་རང་གིས་ཕ་མེས་ཡང་མེས་ནས་འཚོ་གནས་ཀྱི་ཕ་ས་དང་ཁ་བྲལ་འདོད་མེད་ན་ཡང་། རྒྱ་ནག་གཞུང་གིས་བཙན་བཀའ་བཏང་ཚེ་ལྡོག་ཐབས་དཀའ་བས་སེམས་ཁྲལ་བྱེད་བཞིན་འདུག་ཅེས་འགྲེལ་བརྗོད་གནང་བྱུང་།
གནས་ཚུལ་འདིའི་ཐད་ད་ལྟ་ཨོ་གླིང་ན་བཞུགས་པའི་ཕ་ཡུལ་བོང་སྟག་ཐེམ་ཆེན་གྱི་ཡིན་པའི་ཚེ་རིང་དོན་འགྲུབ་ལགས་ཀྱིས། གལ་ཏེ་བོད་མི་ཞིག་གིས་དེའི་སྐོར་ནས་སྐད་ཆ་ཞིག་བཤད་ན་ལམ་སང་ཆབ་སྲིད་ལ་སྦྱར་ནས་ཏག་ཏག་བཟོ་བཞིན་ཡོད་ཅེས་དང་། དོན་དངོས་སུ་བཤད་ན་ཁོར་ཡུག་སྲུང་སྐྱོབ་ལ་ཁ་གཡར་ནས་ས་གནས་དེའི་མི་དམངས་དང་ཕྱུགས་ཟོག་རྩ་མེད་དུ་གཏོང་རྒྱུ་དེ་རེད་ཟེར།
ཟླ་ ༩ ་པའི་ཚེས་ ༣ ་ཉིན་ཐེམ་ཆེན་རྫོང་གིས་མདོ་ལ་རི་རྒྱུད་རྒྱལ་ཁབ་སྤྱི་གླིང་གི་དཀྱིལ་དབུས་སུ་ཁེལ་བའི་ཐེམ་ཆེན་ས་ཁུལ་གྱི་སྐྱེ་ཁམས་ཡུལ་མི་གཞིས་སྤོར་ལས་དོན་སྐུལ་འདེད་ཚོགས་འདུ་ཟེར་བ་ཞིག་ཐེམ་ཆེན་རྫོང་གི་རྫོང་དཔོན་སེང་འབྲུག་གིས་གཙོ་སྐྱོང་གནང་ཡོད་པ་དང་། ཚོགས་འདུའི་སྟེང་དགོས་འདུན་བཞི་བཏོན་ཡོད་པ་ནི། གཅིག་ངེས་ཤེས་གསལ་བོའི་སྒོ་ནས་བསམ་བློ་གཅིག་གྱུར་དང་། སྐྱེ་ཁམས་གཞིས་སྤོར་ལས་དོན་གྱི་གལ་ཆེའི་རང་བཞིན་གསལ་སྟོན་བྱེད་དགོས། གཉིས་ལངས་ཕྱོགས་བརྟན་པོའི་སྒོ་ནས་ཡིད་ཆེས་བསྐྲུན་ནས་སྐྱེ་ཁམས་གཞིས་སྤོར་ལས་དོན་གྱི་སྲ་བརྟན་རང་བཞིན་གཙིགས་སུ་འཛིན་དགོས། གསུམ་ཡང་དག་པའི་བཀོད་སྒྲིག་གི་སྒོ་ནས་རིམ་པ་བཞིན་སྤེལ་རྒྱུ་དང་སྐྱེ་ཁམས་གཞིས་སྤོར་ལས་དོན་གྱི་བཀོལ་སྤྱོད་རང་བཞིན་མཐོ་རུ་འདེགས་དགོས། བཞི་བཀའ་བཀོད་ངོས་ལེན་དང་རང་འགུལ་གྱིས་འགན་ཁུར་ལེན་གྱི་སྒོ་ནས་སྐྱེ་ཁམས་གཞིས་སྤོར་ལས་དོན་གྱི་སྒྲིག་ལམ་རང་བཞིན་ལ་ཤུགས་སྣོན་དགོས་ཞེས་བཀོད་ཡོད་པ་མ་ཟད། སྐྱེ་ཁམས་གཞིས་སྤོར་ལས་དོན་ནི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་བསམ་བློ་ལག་ལེན་དུ་དངོས་སུ་བསྟར་བའི་བྱེ་བྲག་གི་ལས་དོན་ལ་ངོས་འཛིན་བྱེད་དགོས་ཞེས་ནན་གྱིས་བརྗོད་ནས། ད་ལོའི་ཟླ ༩ པའི་ནང་ཞིབ་ཐོའི་ནང་གི་འགན་ཁུར་གཙོ་བོ་བདུན་འགྲུབ་དགོས་པ་དང་། ཟླ ༡༠ པར་གྲུབ་འབྲས་དངོས་སུ་ཐོན་རྒྱུ། ལོ་མཇུག་ཏུ་འགན་ཁུར་ཡོངས་སུ་འགྲུབ་དགོས་ཞེས་བཀའ་རྒྱ་བཏང་འདུག
ཉེ་སྔོན་གནས་ཚུལ་ཆེན་པོ་ཆགས་པའི་མི་ལོ་ ༡༤འི་རིང་ཁྲིམས་འགལ་གྱིས་སྔོག་འདོན་བྱས་ནས། ད་ལྟ་རྒྱ་ཁྱོན་ན་ལྷ་ས་གྲོང་ཁྱེར་གྱི་ཆེ་ཆུང་ཅན། གཏིང་ལ་སྨི་ ༣༠༠ ་ནས་ ༥༠༠ ་ཙམ་སློག་ཡོད་པའི་མཐར། མཚོ་སྔོན་ཞིང་ཆེན་གྱི་སྤྱི་ཁྱབ་པ་གཞོན་པ་ཞིག་ཁྲིམས་ལ་ཐོགས་པའི་མུ་རུ་རྡོ་སོལ་གཏེར་ཁ་རུ་གྲགས་པ་དེའང་གོང་ཞུས་མུ་རུ་གྲོང་བརྡལ་གྱི་ཁོངས་སུ་ཡོད་པ་རེད།
མདོ་ལ་རི་རྒྱུད་རྒྱལ་ཁབ་སྐྱེ་ཁམས་རང་བྱུང་སྤྱི་གླིང་ཟེར་བ་དེ་མདོ་དབུས་མཐོ་སྒང་། སོག་པོ་དང་ཞིན་ཅང་མཐོ་སྒང། ས་སེར་མཐོ་སྒང་བཅས་མཐོ་སྒང་གསུམ་གྱི་འདྲེས་མཚམས་མདོ་ལ་རི་རྒྱུད་ཀྱི་བྱང་ཁུལ་ན་ཡོད་ཅིང་། རྒྱ་ནག་གི་རྒྱལ་ཁབ་སྤྱི་གླིང་བཅུ་ཡི་ནང་གི་གཅིག་ཡིན། སྤྱིའི་རྒྱ་ཁྱོན་ན་སྤྱི་ལེ་གྲུ་བཞི་མ་ཁྲི་ལྔ་དང་ཉིས་བརྒྱ་ལྷག་ཡོད་པ་དང་། ཀན་སུའུ་ཞིང་ཆེན་གྱི་ཁོངས་སུ་སྤྱི་ལེ་གྲུ་བཞི་མ་ཁྲི་གསུམ་དང་སྟོང་བཞི་ལྷག་ཡོད་ཅིང་། མཚོ་སྔོན་ཞིང་ཆེན་གྱི་ཁོངས་སུ་སྤྱི་ལེ་གྲུ་བཞི་མ་ཁྲི་གཅིག་དང་སྟོང་ལྔ་ལྷག་ཡོད། མདོ་ལ་རི་རྒྱུད་རྒྱལ་ཁབ་སྐྱེ་ཁམས་རང་བྱུང་སྤྱི་གླིང་གི་དཀྱིལ་དབུས་ས་ཁུལ་དུ་མཚོ་སྔོན་གྱི་ཐེམ་ཆེན་རྫོང་དང་རྐང་ཚ་རྫོང་། མདོ་ལ་རྫོང་། ཀན་སུའུ་ཡི་དཔའ་རིས་བོད་རིགས་རང་སྐྱོང་རྫོང་བཅས་ཐེ་ཡོད་པ་རེད།
མདོ་ལ་རི་རྒྱུད་རྒྱལ་ཁབ་སྐྱེ་ཁམས་རང་བྱུང་སྤྱི་གླིང་ཟེར་བ་དེ་ ༢༠༡༩ ་ལོའི་ཟླ་ ༡༠ ་པའི་ཚེས་ ༡༧ ་ཉིན་དངོས་སུ་བཙུགས་ཤིང་། མདོ་ལ་རི་རྒྱུད་རྒྱལ་ཁབ་སྐྱེ་ཁམས་རང་བྱུང་སྤྱི་གླིང་དོ་དམ་ལས་ཁང་ཟེར་བ་ཀན་སུའུ་ལན་དྲུག་གྲོང་ཁྱེར་དུ་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎