༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག

2025.04.25
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག ༸གོང་ས་མཆོག་གི་གསེར་ཁྲི་མངའ་གསོལ་སྐབས་ཀྱི་རི་མོའི་སྐུ་པར། ཟླ་ཚེས་མི་གསལ།
Bonhams

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གསེར་ཁྲི་མངའ་གསོལ་ཞུས་ཏེ་ལོ་ངོ་ ༤༥ འཁོར་གྱི་ཡོད་པ་དང་བསྟུན། ཨིན་ཡུལ་ནང་རྟེན་གཞི་བྱས་པའི་བྷོན་ཧམ་སི་(Bonhams)རིན་སྡུར་ཚོང་སྒྱུར་ཁང་གིས་འདི་ལོའི་ཟླ་བ་ ༦ ཚེས་ ༤ ཉིན་འབྲས་སྤྱི་བློན་ཆེན་བྷ་སིལ་གྷོལྚ་(Sir Basil Gould) ལགས་ཀྱིས་ཕྱོགས་བསྒྲིགས་བསྡུ་རུབ་བྱས་པའི་པར་རིས་དང་། ཡིག་ཚགས་ཁག་རིན་སྡུར་གྱི་ལམ་ནས་ཚོང་སྒྱུར་གནང་རྒྱུའི་གསལ་བསྒྲགས་གནང་འདུག་ཅིང་། དེའི་ཁོངས་སུ་གཙོ་བོ་ཕྱི་ལོ་ ༡༩༤༠ ལོར་བྷ་སིལ་ལགས་གཙོས་པའི་ཆེད་གཉེར་དོན་གཅོད་ལྷ་སར་བསྐྱོད་པའི་གནས་ཚུལ་དང་། ལྷག་པར་༸གོང་ས་༸སྐྱབས་མགོན་ཆེན་པོའི་ཁྲི་འདོན་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག་ལ། རི་མོ་དེ་དག་ནི་རྒྱ་གར་གྱི་སྙན་གྲགས་ཆེ་བའི་རི་མོའི་སྒྱུ་སྩལ་བ་ཀྲྀཤྵ་ཀན་བལ་ལགས་ཀྱིས་བྲིས་པ་ཞིག་རེད་འདུག

དེ་སྔོན་རིན་སྡུར་ཚོང་སྒྱུར་ལ་བསྟན་མེད་པའི་སྒྱུ་རྩལ་བརྩམས་ཆོས་དེ་དག་གིས་རི་མོའི་ལམ་ནས་བོད་ཀྱི་ལོ་རྒྱུས་ནང་གི་གལ་ཆེའི་དོན་རྐྱེན་གསལ་སྟོན་བྱེད་ཅིང་། རི་མོ་དེ་དག་ཡུ་སྒོར་༡༨༠༠༠༠ ནས་ ༢༥༠༠༠༠ ཙམ་ལ་ཚོང་སྒྱུར་ཐུབ་པའི་ཚོད་དཔག་བྱེད་ཀྱི་ཡོད། གཞན་ཡང་རིན་སྡུར་ཚོང་སྒྱུར་དེའི་ནང་ཀན་བལ་ལགས་ཀྱིས་ཕྱི་ལོ་ ༡༩༤༠ འགོ་སྟོད་དུ་བྲིས་པའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་(ཡུ་སྒོར་༧༠༠༠༠ནས་༡༠༠༠༠༠བར་ཚོང་སྒྱུར་ཐུབ་པའི་ཚོད་པག་བྱེད།)དང་། གསེར་ཁྲི་མངའ་གསོལ་སྐབས་ཀྱི་སྐུ་པར་(ཡུ་སྒོར་༡༥༠༠༠༠ནས་༢༠༠༠༠༠ བར་ཚོང་སྒྱུར་ཐུབ་པའི་ཚོད་དཔག་བྱེད།)ཡང་འདུག

བྷ་སིལ་གྷོལྚ་ལགས་ཀྱིས་རྒྱ་གར་ཨིན་གཞུང་གིས་འབྲས་སྤྱི་བློན་ཆེན་གྱི་ལས་གནས་བཞེས་པའི་སྐབས་ཁོང་ཉིད་ཕྱི་ལོ་ ༡༩༤༠ ཟླ་བ་ ༢ ཚེས་ ༢༢ ཉིན་ལྷ་ས་ནོར་བུ་གླིང་ཁར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གསེར་ཁྲི་མངའ་གསོལ་མཛད་སྒོར་ལྷན་ཞུགས་ཀྱིས། མགོན་པོ་མཆོག་གསེར་ཁྲི་མངའ་གསོལ་ཞུ་རིམ་ཆོ་ག་ཕྱག་ལེན་རིགས་གཟིགས་ཡོད་པ་མ་ཟད། ཕྱིས་སུ་ཁོང་གིས་སྐབས་དེར་བྱིས་པ་ཁོང་ལོ་ན་ཕྲ་ཡང་གཟི་སྦྱིན་ཆེ་ལ། ཤེས་རབ་དང་ཞི་བདེའི་ཉམས་སྣང་ལྡན་ཡོད་པ་གསུངས་ཡོད།

གཞན་ཡང་ཚོང་སྒྱུར་ནང་གྷོལྚ་ལགས་ཀྱི་སྒེར་གྱི་ཡིག་ཚགས་ཁྲོད། ཕྱི་ལོ་ ༡༩༣༦ ནས་ ༡༩༣༧ བར་བོད་དུ་བསྐྱོད་སྐབས་ཀྱི་པར་རིས་ཁྱོན་ ༡༥༠༠ ཡོད་ཅིང་། པར་རིས་དེ་དག་གིས་ཕྱི་ལོའི་དུས་རབས་ཉི་ཤུ་པའི་ནང་གི་བོད་གསལ་སྟོན་བྱེད་ཀྱི་ཡོད། དེ་མ་ཟད་རིན་སྡུར་ཚོང་སྒྱུར་སྐབས་གྷོལྚ་གྱི་སྒེར་གྱི་ཆ་དངོས་དང་། ཁྱད་པར་དུ་ཕྱི་ལོ་ ༡༩༤༡ ལོར་ཁོང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ངོས་འཛིན་དང་གསེར་ཁྲི་མངའ་གསོལ་སྐོར་བྲིས་པའི་ལས་བསྡོམས་སྙན་ཐོ་འཚུད་པའི་བོད་ཡིག་གི་ཡིག་ཆ་རྙིང་རིགས་ཁག་ཅིག་ཚོང་སྒྱུར་བྱེད་ཀྱི་འདུག

བྷོ་ཧམ་སི་རིན་སྡུར་ཚོང་སྒྱུར་ཚོགས་པའི་པར་རིས་སྡེ་ཚན་གྱི་འགན་འཛིན་གྷི་ལིས་(Giles Peppiatt)ལགས་ཀྱིས། གྷོལྚ་ལགས་ཀྱིས་ཕྱོགས་བསྒྲིགས་བསྡུ་རུབ་བྱས་པའི་དངོས་རྫས་དེ་དག་ནི་དཀོན་ཞིང་། གལ་ཆེའི་ལོ་རྒྱུས་ཡིག་མཛོད་ཅིག་ཡིན་པ་དང་། དེས་བོད་ཀྱི་རིག་གཞུང་དང་། ཆབ་སྲིད་ཀྱི་རྣམ་པ། ཧི་མ་ལ་ཡ་རི་རྒྱུད་དུ་ཨིན་ཇིའི་གནས་བབ་སྐོར་གསལ་བར་མཚོན་གྱི་ཡོད། འདི་དག་གི་ཁྲོད་ནས་མང་པོ་ཞིག་ཚོང་རའི་ནང་མཐོང་མྱོང་མེད་པ་ཡིན་པས། ང་ཚོས་དངོས་རྫས་བསྡུ་རུབ་བྱེད་མཁན་དང་། སྒྲིག་འཛུགས་ཁག ལོ་རྒྱུས་སྨྲ་བ་ཚོས་དོ་སྣང་ཆེན་པོ་གནང་བའི་རེ་བ་བྱེད་ཀྱི་ཡོད། ཅེས་གསུངས་འདུག

ལོ་རྒྱུས་ཀྱི་རིན་ཐང་ལྡན་པའི་དངོས་རྫས་དེ་དག་རིན་སྡུར་ཚོང་སྒྱུར་མ་བྱེད་སྔོན་ཟླ་བ་ ༦ ཚེས་ ༡ ནས་ ༣ བར་བྷོ་ཧམ་སིར་འགྲེམས་སྟོན་གནང་རྒྱུ་རེད་འདུག ། 

གསར་འགོད་པ། བསྟན་འཛིན་བསྟན་སྐྱོང་། 

རྩོམ་སྒྲིག་པ། བསྟན་འཛིན་པདྨ། 

དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་། 

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎