ཨ་རིའི་ཕྱི་སྲིད་དྲུང་ཆེས་ཕྱི་སྲིད་ལས་ཁུངས་ཀྱི་ལས་དོན་དང་འབྲེལ་བའི་འཆར་འགོད་གསར་པ་ཞིག་གི་འོག་འགྲོ་བ་མིའི་ཐོབ་ཐང་སོགས་ཚན་པ་མང་དག་ཅིག་གི་ལས་དོན་མཚམས་འཇོག་བྱ་རྒྱུའི་གསལ་བསྒྲགས་གནང་འདུག

ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་མཱར་ཁོ་རུ་བྷེའོ་ (Marco Rubio) ལགས་ཀྱིས་ཟླ་ ༤ ཚེས་ ༢༢ ཉིན། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་འཆར་འགོད་གསར་པ་ཞིག་གི་འོག དམངས་སྤྱོད་ཉེན་སྲུང་དང་དམངས་གཙོ། འགྲོ་བ་མིའི་ཐོབ་ཐང་བཅས་ཀྱི་ Under Secretary འམ་གནས་གསུམ་པའི་དཔོན་རིགས་ཀྱི་ས་དམིགས་ཀྱང་མེད་པ་བཟོ་རྒྱུའི་གསལ་བསྒྲགས་གནང་འདུག ཕྱི་ལོ་ ༡༩༩༧ ལོར་ཨ་རིའི་གྲོས་ཚོགས་ནས་ཨ་རིའི་ཕྱི་སྲིད་ལས་ཁུངས་ནས་བོད་དོན་ཐོག་དམིགས་བཀར་འགན་འཁུར་བཞེས་མཁན་"བོད་ཀྱི་གནད་དོན་ཐད་དམིགས་བསལ་འབྲེལ་མཐུད་པ" ཞིག་བསྐོ་བཞག་དགོས་རྒྱུའི་ཁྲིམས་ཡིག་གཏན་འབེབས་གནང་པ་ནས་བཟུང་། སྲིད་འཛིན་མི་འདྲ་བ་གསུམ་གྱི་འོག་བོད་དོན་དམིགས་བསལ་འབྲེལ་མཐུད་པའི་ལས་འགན་དེ་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་གནས་གསུམ་པའི་དཔོན་རིགས་ Under Secretary ཞིག་གིས་བཞེས་ཡོད་པ་རེད།
ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་གིས་ད་ལྟའི་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་གནས་སྟངས་ནི། ལས་བྱེད་ཀྱི་འཁེངས་ཤིང་དཔོན་དབང་སྲིད་གཞུང་རིང་ལུགས་སོགས་ཡིན་པ་དེས། འགྲན་རྩོད་ཆེ་བའི་དུས་རབས་གསར་པ་འདིར་ལས་དོན་གལ་ཆེན་རིགས་གཉེར་མི་ཐུབ་པའི་དཀའ་ངལ་འཕྲད་བཞིན་ཡོད་སྐོར་གསུངས་འདུག་ལ། འདས་པའི་ལོ་ངོ་ ༡༥ རིང་ལ། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་རྗེས་ཤུལ་ལ་སྔར་བྱུང་མྱོང་མེད་པའི་འཕེལ་རྒྱས་བྱུང་བ་དང་འགྲོ་གྲོན་རྣམས་ནམ་མཁར་འཕྱུར་བ་ལྟར་ཕོན་ཆེ་ཆགས་ཡོད་ཀྱང་། ཁྲལ་འཇལ་མཁན་ཚོས་ཕན་ནུས་དང་ཁེ་ཕན་ཆུང་བའི་གནས་སྟངས་མྱོང་བཞིན་ཡོད་ཅེས་གསུངས་འདུག་ལ། ཐེངས་འདིའི་འཆར་འགོད་གསར་པ་དེ་བཞིན་ཨ་རིའི་ཕྱི་སྲིད་ལས་ཁུངས་དུས་རབས་ ༢༡ པའི་ནང་ཁྲིད་ཐུབ་པ་བྱ་རྒྱུ་དང་། དེ་ནི་གཙོ་བོ་ཨ་རིའི་སྲིད་འཛིན་ཊམཔ་ཡི་ཨ་རི་དང་པོའི་སྲིད་བྱུས་ཀྱི་ཆ་ཤས་ཤིག་ཡིན་པ་གསུངས་འདུག

ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་སྒྲིག་འཛུགས་རྒྱ་ཁྱབ་ཅིག་བསྐྱར་སྒྲིག་དང་འཆར་འགོད་གསར་པ་དེའི་འོག་གི་དམངས་སྲུང་དང་དམངས་གཙོ། འགྲོ་བ་མིའི་ཐོབ་ཐང་བཅས་ཀྱི་དྲུང་ཆེའི་ལས་ཁུངས་ནི། དེ་སྔ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ཡང་བསྐོ་བཞག་གནང་མཁན་དེ་ཡིན་ཞིང་། ད་ལྟ་བསྐྱར་བཅོས་ཀྱིས་ཕྱི་རྒྱལ་རོགས་སྐྱོར་དང་འགྲོ་བ་མིའི་ཐོབ་ཐང་ལས་དོན་འབྲེལ་མཐུད་པའི་ལས་ཁུངས་ཞེས་མིང་བསྒྱུར་གནང་ཡོད་པ་རེད་འདུག
གནད་དོན་དེ་འབྲེལ་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ནས་ཨ་རིའི་ཕྱི་སྲིད་ལས་ཁུངས་སུ་ཡིག་ཐོག་བརྒྱུད། ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པའི་གནས་སྟངས་ལ་འགྱུར་བ་ཇི་ཐེབས་སྐོར་བཀའ་འདྲི་ཞུས་པར་ད་ལྟའི་ཆར་ལན་འདེབས་གང་ཡང་བྱུང་མ་སོང་།

ཕྱི་སྲིད་དྲུང་ཆེ་མཱར་ཁོ་རུ་བྷེའོ་ལགས་ཀྱིས། དེ་ལྟ་བུའི་འཆར་འགོད་ཀྱིས་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་གཞི་རྟེན་ལ་སྟོབས་ཤུགས་བསྐྲུན་ཞིང་། ལས་ཁུངས་ནས་དོན་གཅོད་ཁང་། དེ་བཞིན་ས་ཁོངས་དང་འབྲེལ་བའི་བྱེད་ལས་རྣམས་ཀྱི་ནུས་པ་ཇེ་ཆེར་གཏོང་ཆེད་ཡིན་ཞེས་དང་། གཞན་ལྷག་ལུས་ཀྱི་ལས་ཁུངས་རྣམས་མེད་པར་བཟོས་ཏེ་ཨ་རིའི་རྒྱལ་ཁབ་ཀྱི་ཁེ་ཕན་གཙིགས་ཆེར་ངོས་འཛིན་བྱ་རྒྱུ་ཡིན་པ་གསུངས་འདུག་ལ། འཆར་འགོད་གསར་པ་དེ་བཞིན་ཟླ་ཤས་རྗེས་དངོས་སུ་ལག་བསྟར་གནང་རྒྱུ་ཡིན་པ་བསྒྲགས་འདུག
ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་ཚན་པ་ཁག་ཅིག་ཟླ་སྒྲིལ་མཁོ་བསྡུ་གནང་རྒྱུའི་འཆར་གཞི་སྒྲིག་བཞིན་པའི་ཁྲོད། ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བོད་དོན་ལ་དགོས་མཁོ་ཆེ་བས་ཨ་རི་གཞུང་གིས་མུ་མཐུད་འཇོག་གནང་ཡོང་བའི་སྐོར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དྲུང་ཆེ་བསོད་ནམས་ཚེ་རིང་ལགས་ཀྱིས། ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ནི་ཨ་རི་གཞུང་ལ་བོད་དོན་ཞུ་གཏུག་བྱ་སའི་བརྒྱུད་ལམ་དུ་གྱུར་ཡོད་པ་ལྟར། དེ་སྔ་ནས་འབྲེལ་མཐུད་པ་རིམ་པ་ཕེབས་ཏེ་བོད་དོན་ལ་ཕན་ཐོགས་བྱུང་ཡོད། ལས་གནས་དེ་ཉིད་མུ་མཐུད་གནས་ཐབས་སུ་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་འབྲེལ་བ་དང་ཞུ་གཏུག་བྱས་ཏེ་ཤུགས་རྒྱག་དགོས་ལ། ཨ་རི་གཞུང་ནས་ཀྱང་བོད་དོན་དམིགས་བསལ་འབྲེལ་མཐུད་པའི་ལས་ཁུངས་མུ་མཐུད་བཞག་ནས་འབྲེལ་མཐུད་པ་བསྐོ་བཞག་ཡོང་བའི་རེ་བ་ཞུ་གི་ཡོད་ཅེས་གསུང་གི་འདུག གཞན་ཡང་ཁོང་གིས་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་དེ་བཞིན་ཞུ་གཏུག་རིམ་པ་བྱས་འབྲས་སུ་ཨ་རི་གཞུང་གིས་གཙུགས་གནང་བ་ཞིག་ཡིན་པ་དང་། དེ་ཉིད་ཨ་རི་གཞུང་དང་བོད་དོན་བར་འབྲེལ་བ་མཐུད་མཁན་ཞིག་ཏུ་གྱུར་ཡོད་པ་གསལ་སྟོན་གནང་སོང་།
དེ་འབྲེལ་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་རིང་སྒྲོལ་མ་ལགས་ཀྱིས་ཨ་རིའི་སྲིད་གཞུང་གསར་པའི་ངོས་ནས་སྲིད་བྱུས་དང་ལས་ཁུངས་ཁག་ལ་འགྱུར་བ་ཆེན་པོ་གཏོང་བཞིན་ཡོད་ནའང་། ཨ་རི་གཞུང་གིས་བོད་དོན་དམིགས་བསལ་འབྲེལ་མཐུད་པའི་ལས་ཁུངས་དེ་ཉིད་མུ་མཐུད་འཇོག་གནང་ཡོང་བ་དང་། ལྷག་པར་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་དེ་ཡོད་ན། བོད་མི་རྣམས་བློ་བདེ་བ་དང་ནུས་པ་འཕར་མ་ཐོན་ངེས་ཡིན་ཞིང་། གལ་ཏེ་དེ་ལྟ་བུའི་ལས་ཁུངས་དེ་མེད་ན། བོད་དོན་ཞུ་གཏུག་གི་བརྒྱུད་ལམ་ལ་དོ་ཕོག་འགྲོ་གཞི་ཡོད་པས། ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པའི་ལས་ཁུངས་དེ་ཧ་ཅང་གལ་ཆེན་པོ་ཆགས་ཀྱི་ཡོད་པ་གསུང་གི་འདུག
གཞན་ཡང་ཐེངས་འདིའི་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་འཆར་འགོད་གསར་པ་དེས། ཨ་རིའི་གཞུང་གིས་བསྐོ་གཞག་བྱས་པའི་དམངས་སྤྱོད་བདེ་འཇགས་དང་མང་གཙོ། འགྲོ་བ་མིའི་ཐོབ་ཐང་བཅས་ཀྱི་དྲུང་ཆེ་གཞོན་པའམ། ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པའི་ཁྱབ་ཁོངས་སུ་ལས་ཁུངས་ཁག་བདུན་ཡོད་པ་དེའི་ནང་དྲུང་ཆེ་བཞི་དང་གཞུང་ཚབ་ཆེན་མོ་གསུམ་བཅས་ཡོད་པ་རེད་འདུག་ལ། ཐེངས་འདིར་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་མི་འབོར་དང་སྐྱབས་བཅོལ། གནས་སྤོ་བཅས་ཀྱི་རོགས་དྲུང་ཆེའི་གནས་རིམ་མ་གཏོགས་རྒྱལ་སྤྱིའི་ཆོས་ལུགས་རང་དབང་ལས་དོན་ཁང་ (IRF) གི་གཞུང་ཚབ་ཆེན་མོའི་གནས་རིམ་ཚུད་པའི་གོ་གནས་གཞན་རྣམས་མེད་པར་བཟོས་ཡོད་འདུག འོན་ཀྱང་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་ཨ་རིའི་མི་འབོར་དང་སྐྱབས་བཅོལ། གནས་སྤོ་བཅས་ཀྱི་དྲུང་ཆེའི་གནས་རིམ་གཅིག་པུ་རང་སོར་འཇོག་ཡོད་པ་རེད་འདུག
གསར་འགོད་པ། རྡོ་རྗེ་སྒྲོལ་མ།
རྩོམ་སྒྲིག་པ། བསྟན་འཛིན་པདྨ།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།