བཙན་བྱོལ་བོད་མིའི་སློབ་གྲྭ་ཟླ་སྒྲིལ་ཚོགས་ཆུང་བསྐོ་འཛུགས་ཀྱིས་སློབ་གྲྭ་ཟླ་སྒྲིལ་གཏང་རྒྱུའི་འཆར་འགོད་གནང་བཞིན་འདུག

2025.04.22
བཙན་བྱོལ་བོད་མིའི་སློབ་གྲྭ་ཟླ་སྒྲིལ་ཚོགས་ཆུང་བསྐོ་འཛུགས་ཀྱིས་སློབ་གྲྭ་ཟླ་སྒྲིལ་གཏང་རྒྱུའི་འཆར་འགོད་གནང་བཞིན་འདུག བོད་ཕྲུག་ཅིག་གིས་༸གོང་ས་མཆོག་གི་སྐུ་པར་འཛིན་བཞིན་པ། ༢༠༡༡།༠༧།༠༢
AP

བོད་མིའི་སྒྲིག་འཛུགས་ཀྱིས་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ཏུ་སློབ་ཕྲུག་གི་གྲངས་འབོར་ཇེ་ཉུང་དུ་འགྲོ་བཞིན་པའི་དངོས་ཡོད་གནས་སྟངས་ལ་གཞིགས་ཏེ་སློབ་གྲྭ་ཁག་ཅིག་ཟླ་སྒྲིལ་གཏང་རྒྱུའི་འཆར་འགོད་གནང་བཞིན་འདུག

ཕྱི་ལོ་ ༢༠༢༥  ཟླ་བ་ ༡ ཚེས་ ༧ ནས་ ༩ བར་བསྐོང་ཚོགས་གནང་བའི་བཙན་བྱོལ་བོད་མིའི་ཤེས་རིག་ཚོགས་ཆེན་ཐེངས་བརྒྱད་པའི་སྐབས་གཏན་ཉིན་སློབ་གྲྭ་ཁག་གི་ནང་སློབ་མའི་གྲངས་འབོར་ཇེ་ཉུང་དུ་འགྲོ་བཞིན་པ་དང་བསྟུན། སློབ་གྲྭ་ཟླ་སྒྲིལ་ཚོགས་ཆུང་ཞིག་ཆེད་འཛུགས་གནང་རྒྱུའི་གྲོས་ཆོད་བཞག་ཡོད་པ་བཞིན། ཉེ་ལམ་ཟླ་ ༤ ཚེས་ ༡༨ རེས་གཟའ་པ་སངས་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་རྒྱ་གར་ཧི་མ་ཅལ་མངའ་སྡེའི་སིམ་ལ་བོད་མི་འདུས་སྡོད་ས་གནས་སུ་གཞུང་འབྲེལ་འཚམས་གཟིགས་ཕེབས་པའི་སྐབས། བོད་མིའི་སྒྲིག་འཛུགས་ནས་སློབ་གྲྭ་ཟླ་སྒྲིལ་ཚོགས་ཆུང་བསྐོ་འཛུགས་ཀྱིས་རིང་མིན་སློབ་གྲྭ་ཟླ་སྒྲིལ་གནང་རྒྱུའི་འཆར་གཞི་ཡོད་པ་གསུངས་འདུག

དེ་ཡང་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ད་ལྟའི་ཆར་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་ལོ་རེའི་ནང་བོད་ཕྲུག ༤༠༠ ནས་ ༤༥༠  ལྷག་ལས་སྐྱེ་གི་མེད་པའི་དཀའ་ངལ་ཡོད་པར་བརྟེན། བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་ནང་སློབ་མའི་ཁ་གྲངས་ཇེ་ཉུང་དུ་འགྲོ་མུས་རྐྱེན། ད་ལྟའི་ཆར་བཙན་བྱོལ་བོད་མིའི་སློབ་གྲྭ་ ༦༡ ཡོད་པ་ལས་སློབ་གྲྭའི་ནང་བོད་པའི་སློབ་མའི་ཁ་གྲངས་ཇེ་ཉུང་དུ་འགྲོ་བཞིན་ཡོད་པས། དངོས་ཡོད་གནས་སྟངས་དེ་བོད་མི་རྣམས་ནས་ངོས་འཛིན་པའི་ཐོག་བསམ་བློ་རྒྱ་ཆེ་ས་ནས་གཏོང་དགོས་གལ་ཆེན་པོ་ཡིན་སྐོར་གསལ་སྟོན་དང་སྦྲགས། ད་ལྟ་བོད་པའི་སློབ་གྲྭ་ཁག་གི་ནང་བོད་པ་གཙོས་པའི་ཧི་མ་ལ་ཡ་དང་ས་གནས་ཡུལ་མིའི་སློབ་ཕྲུག་མང་དག་ཅིག་ཡོད་ལ། གལ་སྲིད་མ་འོངས་པར་བཙན་བྱོལ་བོད་མིའི་སློབ་གྲྭའི་ནང་བོད་ཕྲུག་རྐྱང་པ་གསོ་སྐྱོང་བྱེད་དགོས་བྱུང་ཚེ། བོད་ཕྲུག་གི་ཁ་གྲངས་ཉུང་ཤ་ལས་མེད་ན། སློབ་མའི་ཁ་གྲངས་ལ་གཞིགས་པའི་སློབ་གྲྭ་ཟླ་སྒྲིལ་གཏང་རྒྱུ་གལ་ཆེན་པོ་ཡིན་པ་གསུངས་འདུག

དེ་བཞིན་ཁོང་གིས་སློབ་ཕྲུག་གི་ཁ་གྲངས་ཉུང་ཤས་ལས་མེད་པར་སློབ་གྲྭ་མང་དྲགས་ན་འཛིན་སྐྱོང་གི་འགྲོ་གྲོན་དང་། སྤུས་ཚད་ལྡན་པའི་སློབ་ཁྲིད་བྱ་རྒྱུ་ལའང་དོ་ཕོག་འགྲོ་གི་ཡོད་པས། བོད་མིའི་སྒྲིག་འཛུགས་ནས་སློབ་གྲྭ་ཟླ་སྒྲིལ་ཚོགས་ཆུང་བསྐོ་འཛུགས་ཀྱིས་དེ་དོན་སློབ་གྲྭ་ཟླ་སྒྲིལ་གཏོང་ཕྱོགས་སྐོར་གྲོས་བསྡུར་གནང་འཆར་ཡོད་པ་གསུངས་འདུག

ད་ལྟའི་དུས་སུ་བོད་སློབ་ཟླ་སྒྲིལ་གཏང་དགོས་པའི་གནད་འགག་དང་འབྲེལ་ཏེ། མོན་གྷོ་སཾ་བྷོ་ཊ་སློབ་གྲྭའི་སློབ་སྤྱི་རྣམ་རྒྱལ་ཡར་འཕེལ་ལགས་ཀྱིས། དུས་ཀྱི་དགོས་མཁོ་བཞིན་སློབ་གྲྭ་ཟླ་སྒྲིལ་གཏོང་དགོས་གལ་ཆེན་པོ་ཡིན་ཞིང་། ལྷག་པར་སློབ་མའི་ཁ་གྲངས་ཇེ་ཉུང་དུ་འགྲོ་བཞིན་ཡོད་ནའང་། སློབ་གྲྭའི་གྲངས་མང་པོ་ཡོད་པས་འཛིན་སྐྱོང་གི་འགྲོ་གྲོན་ཆེ་བ་མ་ཟད། སྤུས་ཚད་ལྡན་པའི་སློབ་ཁྲིད་ཡོང་གི་མེད་ལ། གལ་ཏེ་འཛིན་གྲྭ་གཅིག་གི་ནང་སློབ་མའི་ཁ་གྲངས་ ༣ ཡང་ན་ ༤ ལས་མེད་ཚེ་འདིའི་རྐྱེན་གྱིས་འཛིན་གྲྭའི་ཁོར་ཡུག་ནང་མཐོང་རྒྱ་ཐོས་རྒྱ་དེ་ཙམ་མེད་པ་ཆགས་པའི་ཉེན་ཁ་ཆེ་བས། དེས་སློབ་མ་རྣམས་ལ་གྱོང་གུན་ཆེན་པོ་ཕོག་བཞིན་ཡོད་ཅེས་གསུང་གི་འདུག

དེ་མཚུངས་ཁོང་གིས་སློབ་གྲྭ་ཟླ་སྒྲིལ་གཏང་ན་སློབ་མ་སྤྱི་ཡོངས་ཀྱི་ཤེས་ཡོན་དང་། མཐོང་རྒྱ་ཐོས་རྒྱ་ཆེ་རུ་འགྲོ་རྒྱུར་ཕན་ཐོགས་ཆེན་པོ་ཡོད་པ་མ་ཟད། དམིགས་བསལ་དགེ་རྒན་རྣམས་སྤུས་ཚད་ལྡན་པ་ཞིག་ཡོང་རྒྱུར་ཕན་ཐོགས་ཆེན་པོ་ཡོད་པ་འགྲེལ་བརྗོད་གནང་གི་འདུག དེ་ལས་འཕྲོས་ཏེ་ཁོང་གིས་སློབ་གྲྭ་ཟླ་སྒྲིལ་གཏོང་བའི་བརྒྱུད་རིམ་ནང་གནས་སྐབས་དཀའ་ངལ་ཕྲན་བུ་འཕྲད་སྲིད་ཀྱང་། ཕུགས་རྒྱང་རིང་པོའི་ཆེད་དུ་སློབ་གྲྭ་ཟླ་སྒྲིལ་གཏང་བ་དེ་ཕན་ཐོགས་ཆེ་བ་ཡོད་སྐོར་གསུང་གི་འདུག

སྤྱིར་བོད་མིའི་སྒྲིག་འཛུགས་ཀྱིས་སློབ་གྲྭ་ཟླ་སྒྲིལ་གཏང་རྒྱུ་དང་འབྲེལ་ཚོགས་ཆུང་བསྐོ་འཛུགས་གནང་ཟིན་ནའང་། ད་བར་ཚོགས་ཆུང་ལྷན་འཛོམས་ཀྱིས་ལས་དོན་སྤེལ་ཕྱོགས་སྐོར་གྲོས་མོལ་བྱུང་མེད་པ་འབྲེལ་ཡོད་ཚོགས་མི་ཞིག་ནས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

བཙན་བྱོལ་བོད་མིའི་སློབ་གྲྭ་ཟླ་སྒྲིལ་ཚོགས་ཆུང་ཁོངས་སུ། ཤེས་རིག་དྲུང་ཆེ་དང་དྲུང་འཕར། བོད་ཕྲུག་ཁྱིམ་སྡེའི་འབྲེལ་ཡོད་འགན་འཛིན་གཉིས། མ་སུ་རི་བོད་ཁྱིམ་སློབ་གྲྭའི་འགན་འཛིན་གཉིས།  སཾ་བྷོ་ཊ་བོད་སློབ་ཚོགས་པའི་འགན་འཛིན་དང་འགན་འཛིན་གཞོན་པ་གཉིས་བཅས་ཚོགས་མི་བརྒྱད་ཡོད་པ་རེད་འདུག

གཞི་རྩའི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཕྲུ་གུའི་སྐྱེ་ཚད་ཉུང་དུ་ཕྱིན་པ་དང་། བོད་ནས་གསར་དུ་འབྱོར་མཁན་ཧ་ཅང་ཉུང་དུ་ཕྱིན་པ། དེ་བཞིན་ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་གཞིས་སྤོ་བྱེད་མཁན་མང་དུ་ཕྱིན་པའི་ཉེར་ལེན་ལ་བརྟེན་ནས་རྒྱ་བལ་གཉིས་སུ་ཡོད་པའི་བོད་མིའི་སློབ་གྲྭ་ཁག་གི་ནང་སློབ་ཕྲུག་གི་གྲངས་འབོར་ལོ་རེ་བཞིན་ཇེ་ཉུང་དུ་འགྲོ་བཞིན་ཡོད་པའི་དཀའ་ངལ་འཕྲད་ཀྱི་ཡོད་པ་ལྟར། དེ་དོན་གདོང་ལེན་ཆེད་བོད་མིའི་སྒྲིག་འཛུགས་ནས་ད་ཡོད་སློབ་གྲྭ་ཁག་ཅིག་ཕྱིར་བསྡུའམ་ཟླ་སྒྲིལ་གཏང་རྒྱུའི་འཆར་གཞི་སྒྲིག་བཞིན་ཡོད་པ་རེད་འདུག །

གསར་འགོད་པ། བདེ་ཆེན་དབང་མོ།

རྩོམ་སྒྲིག་པ། བསྟན་འཛིན་བསྟན་སྐྱོང་། 

དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎