བོད་རིགས་རང་སྐྱོང་ཁུལ་དྲུག་ཡོད་པའི་མཚོ་སྔོན་གྱི་མི་འབོར་སྡོམ་རྩིས་ནང་བོད་རིགས་ཀྱི་གྲངས་འབོར་གསལ་བཀོད་མི་འདུག
རྒྱ་ནག་གི་མི་འབོར་ཞིབ་བཤེར་ཐེངས་བདུན་པའི་མཚོ་སྔོན་ཞིང་ཆེན་གྱི་མི་འབོར་ཞིབ་བཤེར་ནང་གི་བོད་རིགས་ཀྱི་གྲངས་འབོར་ཟུར་དུ་བཏོན་མེད་པ་དང་། འདས་པའི་ལོ་བཅུའི་ནང་ཞིང་གྲོང་གི་མི་འབོར་༧༤༥༨༧༠་ཇེ་ཉུང་དུ་སོང་ཡོད་འདུག
མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་སྟེང་ཚེས་༡༥་ཉིན་གནས་ཚུལ་སྤེལ་བ་ལྟར་ན། ཞིང་ཆེན་ཡོངས་ཀྱི་རྒྱུན་སྡོད་མི་འབོར་ལ་ཁྱོན་སྡོམ་༥༩༢༣༩༥༧་དང་། དེའི་ཁྲོད་རྒྱ་རིགས་ཀྱི་མི་གྲངས་ལ་༢༩༩༣༥༣༤་ཡོད་ཅིང་། བརྒྱ་ཆ་ལྔ་བཅུ་དང་ཚེག་ལྔ་གསུམ་ཟིན་པ། མི་རིགས་གྲངས་ཉུང་ལ་མི་གྲངས་༢༩༣༠༤༢༣་ཡོད་ཅིང་། བརྒྱ་ཆ་ཞེ་དགུ་དང་ཚེག་ཞེ་བདུན་ཟིན་པ་བཀོད་ཡོད་པ་མ་གཏོགས་བོད་རིགས་ཀྱི་གྲངས་འབོར་ཟུར་དུ་བཏོན་མི་འདུག མཚོ་སྔོན་ཞིང་ཆེན་ཁོངས་སུ་བོད་རིགས་རང་སྐྱོང་ཁུལ་དྲུག་ཡོད་པ་རེད།
ཡང་གནས་ཚུལ་བཀོད་དོན་། ཞིང་ཆེན་ཡོངས་ཀྱི་རྒྱུན་སྡོད་མི་འབོར་ལས་ཁྲི་བཅུ་ཡན་ཡོད་པའི་མི་རིགས་གྲངས་ཉུང་གི་མི་འབོར་དེ་༢༠༡༠་ལོའི་མི་རིགས། (བོད་རིགས་དང་། ཧུའེ་རིགས། ཧོར་རིགས། ཟ་ལར་རིགས)་བཞི་ནས་༢༠༢༠་ལོའི་མི་རིགས(བོད་རིགས་དང་། ཧུའེ་རིགས། ཧོར་རིགས། ཟ་ལར་རིགས། སོག་རིགས།)ལྔ་རུ་འཕེལ་ཡོད་པས། དེས་ཞིང་ཆེན་ཡོངས་ཀྱི་མི་རིགས་སོ་སོའི་བར་གྱི་འབྲེལ་འདྲིས་དང་བརྗེ་སྤེལ། མཉམ་བསྲེས་མཉམ་སྤེལ་གྱི་རིམ་པ་གསར་པ་ཞིག་ཏུ་བསླེབས་ཡོད་པ་མཚོན། ཞེས་བཀོད་འདུག་པ་འདི་ནི་བོད་བརྒྱུད་ནང་ཆོས་དང་། བོད་མི་རིགས་ཀྲུང་གོ་ཅན་དུ་བསྒྱུར་རྒྱུའི་རྒྱ་ནག་གཞུང་གི་སྲིད་ཇུས་གསལ་སྟོན་བྱས་པ་ཞིག་ཡིན་རེད་ལ། སྲིད་ཇུས་འདི་ལ་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་སྲིད་གཞུང་དང་། འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་སྐྱོན་བརྗོད་བྱེད་བཞིན་ཡོད་པ་རེད།
ཡང་གནས་ཚུལ་ལ་གཞིགས་ན། མཚོ་སྔོན་ཞིང་ཆེན་ནང་ཞིང་གྲོང་གི་མི་འབོར་༧༤༥༨༧༠་ཇེ་ཉུང་དུ་སོང་ཡོད་འདུག དེ་ནི་རྒྱ་ནག་གཞུང་གི་འབྲོག་དམངས་གྲོང་བརྡལ་ཅན་དུ་བསྒྱུར་བའི་སྲིད་ཇུས་འོག་བོད་ཀྱི་འབྲོག་པ་རྣམས་བཙན་ཤེད་ཀྱིས་གྲོང་ཁྱེར་དུ་གནས་སྦོར་བྱེད་དུ་བཅུག་པར་བརྟེན་ཞིང་གྲོང་གི་མི་འབོར་ཇེ་ཉུང་དུ་ཕྱིན་པ་རེད་ཅེས་བོད་གནས་ཉམས་ཞིབ་པ་ཚོས་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།