བྱིས་པ་ཚོས་དགའ་མོས་ཆེན་པོ་བྱ་ཡུལ་པེ་པ་པིག་ཅེས་པའི་འགུལ་བརྙན་བོད་སྐད་ནང་འདོན་སྤེལ་གནང་གི་འདུག

2025.04.23
བྱིས་པ་ཚོས་དགའ་མོས་ཆེན་པོ་བྱ་ཡུལ་པེ་པ་པིག་ཅེས་པའི་འགུལ་བརྙན་བོད་སྐད་ནང་འདོན་སྤེལ་གནང་གི་འདུག པེ་པ་པིག་ཡུ་ཀྲུབ་དྲ་ཚིགས་ཀྱི་མདུན་ངོས།
screengrab

བོད་ཀྱི་ཐེབས་རྩའི་མཐུན་སྦྱོར་བརྒྱུད་འདི་ལོ་ཕྱི་ལོ ༢༠༢༥ ལོར་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་གོ་སྟོན་དང་བསྟུན་ཟླ་ ༤ ཚེས་ ༢༣ རེས་གཟའ་ལྷག་པ་ཉིན་འཛམ་གླིང་ནང་སྙན་གྲགས་ཆེ་ཞིང་བྱིས་པ་ཚོས་ཆེས་དགའ་མོས་བྱེད་སའི་འགུལ་བརྙན་པེ་པ་པིག་(Peppa Pig) ལེ་ཚན་བོད་སྐད་ནང་དབུ་འབྱེད་གནང་འདུག 

དེ་ཡང་བྱིས་པའི་ལོ་ཚད་དང་མཐུན་པའི་བོད་ཀྱི་རིག་གཞུང་གི་ཉམས་བཅུད་ལྡན་པའི་བྱིས་པའི་གློག་བརྙན་གྱི་མཐུན་རྐྱེན་བསྐྲུན་རྒྱུ་གལ་གནད་ཆེན་པོར་ངོས་འཛིན་གྱིས། བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་དང་། བོད་ཀྱི་ཐེབས་རྩ་གཙོས་པའི་ཚོགས་པ་ཁག་ཅིག་གིས་བྱིས་པ་རྣམས་ཀྱི་ལོ་ཚད་དང་མཐུན་པའི་བྱིས་སྒྲུང་དང་། འགུལ་བརྙན། དེ་བཞིན་བྱིས་པའི་གླུ་གཞས་ལ་སོགས་འགྲེམས་སྤེལ་གནང་མུས་ལྟར། བོད་ཀྱི་ཐེབས་རྩའི་ངོས་ནས་འཛམ་གླིང་ནང་སྐད་གྲགས་ཆེ་བའི་བྱིས་པའི་འགུལ་བརྙན་པེ་པ་པིག་(Peppa Pig)བཟོ་སྐྲུན་ཁང་གི་ཆོག་མཆན་འོག བོད་སྐད་ཐོག་པེ་པ་པིག་འགུལ་བརྙན་གྱི་ལེ་ཚན་དྲྭ་ཐོག་ནས་འགྲེམས་སྤེལ་དབུ་འབྱེད་གནང་འདུག

སྤྱིར་འགུལ་བརྙན་དེའི་ལེ་ཚན་༡༠༤ ཆོག་མཆན་འོག་སྒྲ་འཇུག་ཟིན་ཞིང་། སྤྱིར་བྱིས་པ་ཚོའི་ཆེད་སྤྱི་ཚོགས་དྲ་ལམ་བརྒྱུད་འགུལ་བརྙན་སྣ་མང་ཞིག་ཡོད་ཀྱང་། པེ་པ་པིག་གི་འགུལ་བརྙན་དེ་ནི་དམིགས་གསལ་གྱི་བོད་པ་ཙམ་མ་ཡིན་པར་འཛམ་གླིང་ས་ཕྱོགས་གང་སར་ཡོད་པའི་བྱིས་པ་རྣམས་ཀྱིས་དགའ་མོས་གནང་སའི་འགུལ་བརྙན་ཞིག་ཡིན་ཞིང་། འགུལ་རྙན་དེ་ཡང་ད་ལྟའི་ཕྲུ་གུ་ཚོའི་ཁམས་དང་མོས་པར་མཐུན་པའི་ཉིན་རེའི་འཚོ་བ་དང་མཐུན་པའི་འགུལ་བརྙན་ཞིག་ཡིན་པས།  པེ་པ་པིག་འགུལ་བརྙན་བཟོ་སྐྲུན་ཁང་གི་ཆོག་མཆན་འོག་འགུལ་བརྙན་དེ་བོད་སྐད་ནང་སྒྲ་འཇུག་གནང་གྲུབ་ཟིན་པའི་སྐོར་བོད་ཀྱི་ཐེབས་རྩའི་འབྲེལ་ཡོད་བསྟན་འཛིན་ཆོས་སྒྲོན་ལགས་ཀྱིས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

མ་ཟད་བསྟན་འཛིན་ཆོས་སྒྲོན་ལགས་ཀྱིས་དེ་སྔ་ལོ་ཁ་ཤས་སྔོན་ནས་ལས་གཞི་སྤེལ་འགོ་བཙུགས་ཡོད་ཅིང་། ཕྱི་ལོ ༢༠༢༤ ལོར་དངོས་སུ་སྒྲ་འཇུག་དང་སྐད་སྒྱུར་གྱི་ལས་དོན་བརྩམས་ཡོད་ལ།  དེ་ཡང་ཟླ་གཅིག་ཙམ་རིང་སྒྲ་འཇུག་གནང་མཁན་རྣམས་ལ་སྦྱོང་བརྡར་གང་ལེགས་གནང་བ་བརྒྱུད། ལས་གཞིའི་དེའི་ནང་བོད་ཀྱི་སྐད་ཡིག་ལ་བྱང་ཆུབ་པ། བྱིས་པའི་ཤེས་ཡོན་ཆེད་ལས་པ། དེ་བཞིན་སྒྲ་འཇུག་ཆེད་ལས་པ་ཁག་ཅིག་མཉམ་རུབ་ཀྱིས་པེ་པ་པིག་(Peppa Pig)འགུལ་བརྙན་དེ་བཞིན་བོད་སྐད་ནང་བསྒྱུར་ཏེ་སྒྲ་འཇུག་གནང་ཡོད་ཅིང་། པེ་པ་པིག་འགུལ་བརྙན་གྱི་སྒྲ་འཇུག་དེ་ཡང་རྒྱ་གར་གྱི་གྲོང་ཁྱེར་མོམ་བྷེ་ནང་རྟེན་གཞི་བྱས་པའི་དུས་རྒྱུན་རྒྱ་གར་གྱི་གློག་བརྙན་དང་བྱིས་པའི་འགུལ་བརྙན་སྒྲ་འཇུག་གནང་སའི་སྒྲ་འཇུག་ཁང་སྙན་གྲགས་ཅན་ཞིག་གི་ནང་དུ་གནང་ཡོད་པ་གསུང་གི་འདུག

སྤྱིར་པེ་པ་པིག་གི་བྱིས་པའི་འགུལ་བརྙན་འདིའི་ནང་པེ་པ་པིག་ཁོ་མོའི་ནང་མི་གཙོས་པའི་མི་སྣ་དང་སེམས་ཅན་ཁག་མང་དག་ཅིག་ཡོད་པ་ལས། འདི་ག་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ནས་པེ་པ་པིག་གཙོས་པའི་ཁོང་གི་རྨོ་ལགས་དང་མི་སྣ་བདུན་ཙམ་གྱི་སྒྲ་འཇུག་གནང་མཁན་བསྟན་འཛིན་ཆོས་སྐྱིད་ལགས་སུ། ཁོང་གི་པེ་པ་པིག་གི་ལེའུ་ ༡༠༤ ཙམ་ཞིག་སྒྲ་འཇུག་གནང་བའི་བརྒྱུད་རིམ་ཁྲོད་ད་ལྟའི་བོད་པའི་བྱིས་པ་རྣམས་ཀྱི་སྤྱི་ཡོངས་ཀྱི་སེམས་ཁམས་དང་ཀུན་སྤྱོད་ལ་པེ་པ་པིག་གི་འགུལ་བརྙན་འདིའི་ཕན་ནུས་ཇི་ཡོད་སྐོར་བཀའ་འདྲི་ཞུས་པར། ཆོས་སྐྱིད་ལགས་ཀྱིས་གསུངས་དོན་ལ། དེ་སྔ་ཕྱི་ལོ་ ༢༠༡༥ ནས་བཟུང་ཁོང་ནས་བོད་སྐད་ཀྱི་འགུལ་བརྙན་མང་པོ་ཞིག་གི་སྒྲ་འཇུག་གནང་ཡོད་ནའང་དེ་ཙམ་ནུས་པ་ཐོན་མེད་ལ། སྤྱིར་བོད་པའི་སྤྱི་ཚོགས་ཁྲོད་བོད་ཀྱི་སྐད་དང་རིག་གཞུང་སྐོར་གོ་རྟོགས་སྤེལ་སླད་འགུལ་བརྙན་སྣ་མང་ཞིག་སྤེལ་བཞིན་ཡོད་ནའང་དེ་ཙམ་ཁྱབ་སྤེལ་འགྲོ་ཡི་མེད་པས། ད་ལྟའི་(PeppaPig)པེ་པ་པིག་གི་འགུལ་བརྙན་དེ་ནི་ཆེད་མཁས་པ་བྱིས་པའི་སེམས་ཁམས་དང་མཐུན་པའི་སྒོ་ནས་བཟོ་སྐྲུན་གནང་ཡོད་པས། བྱིས་པ་ཚོས་དེར་དགའ་མོས་དང་དེ་བརྒྱུད་རང་གི་སྐད་ཡིག་ཤེས་རྒྱུར་ཕན་ཐོགས་ཡོད་པ་གསུངས་བྱུང་།

གཞི་རྩའི་པེ་པ་པིག་གི་འགུལ་བརྙན་དེ་ནི་ཨིན་ཡུལ་ནང་སྔོན་འགྲོའི་སློབ་མ་ཚོར་དམིགས་ནས་AstleyBaker Davies ལགས་ཀྱིས་བཟོ་སྐྲུན་གནང་བའི་འགུལ་བརྙན་གྱི་ལེའུ་ཞིག་ཡིན་པ་དང་། འགུལ་བརྙན་འདི་ནི་པེ་པ་པིག་(Peppa Pig)ཁོ་མོའི་ནང་མི་དང་གྲོགས་པོའི་མྱོང་ཚོར་སྐོར་ཡིན་པས། འགུལ་བརྙན་དེར་བྱིས་པ་ཐེ་བའི་མི་རྒན་གཞོན་མང་པོས་དགའ་མོས་ཆེན་པོ་བྱེད་ཀྱི་ཡོད། བོད་ཀྱི་ཐབས་རྩ་ནས་བོད་སྐད་ནང་བསྒྱུར་བའི་(PeppaPig)པེ་པ་པིག་གི་འགུལ་བརྙན་དེར་ལིའུ་གཉིས་དང་། ལེ་ཚན་༡༠༤ འདུག་ལ། དེ་དག་རིན་མེད་ཐོག་དྲ་རྒྱ་ཡུ་ཀྲུབ་བརྒྱུད་གཟའ་འཁོར་རེ་བཞིན་འདོན་སྤེལ་གནང་རྒྱུ་རེད་འདུག ། 

གསར་འགོད་པ། བདེ་ཆེན་དབང་མོ། 

རྩོམ་སྒྲིག་པ། བསྟན་འཛིན་བསྟན་སྐྱོང་། 

དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎