རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
རྒྱ་གར་དང་རྒྱ་ནག་གཉིས་ནས་གོ་བསྡུར་རིམ་པར་གནང་བ་དང་། ལྷག་པར་རྒྱ་གར་སྲིད་བློན་མཱོ་ཏི་མཆོག་དང་རྒྱ་གར་ཨུ་ཏར་ཁན་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་བཅས་ནས་འབད་བརྩོན་རིམ་བསྟེན་གྱི་འབྲས་བུར། འདི་ལོའི་སྤྱི་ཟླ་ ༦ པའི་ཚེས་ ༣༠ ནས་དབུ་འཛུགས་ཞུས་ཏེ་རྒྱ་གར་གྱི་གནས་སྐོར་བ་རྣམས་གངས་རིན་པོ་ཆེ་དང་མཚོ་མ་ཕམ་ལ་གནས་མཇལ་དུ་བསྐྱོད་རྒྱུའི་འགོ་འཛུགས་རྒྱུ་ཡིན་པ་རྒྱ་གར་གསར་ཁང་ཁག་ཅིག་གིས་གཞུང་འབྲེལ་གསལ་བསྒྲགས་ལུང་འདྲེན་དང་བཅས་བསྒྲགས་འདུག
རྒྱ་ནག་ནང་དང་ལྷག་པར་འཛམ་གླིང་སྤྱི་ལ་ཏོག་དབྱིབས་ནད་ཡམས་༡༩འགོས་ཁྱབ་ཤུགས་ཆེན་པོར་གྱུར་པ་བརྒྱུད། སྤྱི་ལོ་༢༠༢༠ལོ་ནས་བཟུང་རྒྱ་གར་ཧིན་དུའི་ཆོས་དད་པ་རྣམས་བོད་ནང་གངས་རིན་པོ་ཆེ་དང་མཚོ་མ་ཕམ་ལ་གནས་མཇལ་དུ་འགྲོ་རྒྱུ་མཚམས་འཇོག་གནང་དགོས་བྱུང་སྟེ། ད་ལྟའི་བར་གནས་སྐོར་སླར་གསོ་གནང་མ་ཐུབ་པར་ལྷག་ཡོད་ནའང་། འདི་ལོ་ཨ་མི་རི་ཀས་རྒྱ་ནག་ལ་སྒོ་ཁྲལ་ཤུགས་ཆེ་བཀལ་བ་དང་འཛམ་གླིང་རྒྱལ་ཁབ་མང་པོ་ཞིག་གིས་སོ་སོའི་ཚོང་ཟོག་གི་སྒོ་ཁྲལ་ཆག་ཡང་དུ་གཏོང་ཐབས་སུ། ཨ་མི་རི་ཀ་དང་འབྲེལ་ལམ་ཇེ་ཟབ་ཏུ་བཏང་ནས་རྒྱ་ནག་ཟུར་ཕུད་བྱེད་བཞིན་པའི་རྣམ་འགྱུར་མངོན་བཞིན་པའི་ཁར། ཁྱད་པར་དུ་བདུན་ཕྲག་འདིའི་རེས་གཟའ་ཟླ་བ་ནས་ཨ་མི་རི་ཀའི་སྲིད་འཛིན་གཞོན་པ་ཇཱའེ་ཌི་ཝན་སི་མཆོག་རྒྱ་གར་ནང་མཚམས་གཟིགས་སུ་ཕེབས་ཏེ། རྒྱ་གར་སྲིད་བློན་མོ་ཏི་མཆོག་དང་མཇལ་མོལ་གྱིས་རྒྱལ་ཁབ་གཉིས་ཕྱོགས་མང་པོ་ནས་མཉམ་ལས་བྱ་འདུན་གྱི་སྐུལ་མ་ཤུགས་ཆེ་བཏང་ཡོད་པའི་མུར། རྒྱ་གར་གྱིས་ཀྱང་རྒྱ་ནག་ནས་ནང་འདྲེན་གྱི་ངར་ལྕགས་ལ་སྒོ་ཁྲལ་བརྒྱ་ཆ་༡༢སྤར་ཆའི་གནས་སྟངས་སོགས་བྱུང་བའི་རྐྱེན་གྱིས། རྒྱ་གར་ཕྱི་སྲིད་ལས་ཁུངས་ནས་གོ་སྒྲིག་གནང་བའི་གངས་ཏི་སེ་དང་མཚོ་མ་ཕམ་ལ་ཧིན་དུའི་ཆོས་དད་པ་རྣམས་གནས་མཇལ་དུ་འགྲོ་ཆོག་པར་རྒྱ་ནག་གཞུང་གིས་ངོས་ལེན་བྱས་འདུག
གནས་སྐོར་བ་ཚོ་རྒྱ་གར་ཨུ་ཏར་ཁན་མངའ་སྡེའི་དར་ཆུ་ལ་གྲོང་བརྡལ་བརྒྱུད་ནས་གནས་སྐོར་བ་རུ་ཁག་དང་པོ་དེ་སྤྱི་ཟླ་༧པའི་ཚེས་༡༠ཉིན་བོད་ཀྱི་ས་ཐོག་ཏུ་འབྱོར་ཆད་བཟོས་ཡོད་ཅིང་། གནས་སྐོར་བ་རུ་ཁག་རེ་ལ་མི་གྲངས་༥༠རེ་ཡོད་པའི་རུ་ཁག་ལྔ་སྟེ། ཁྱོན་བསྡོམས་མི་འབོར་༢༥༠ཡོད་པ་རྣམས་རིམ་པར་བོད་ཀྱི་སྟོད་གངས་རིན་པོ་ཆེར་གནས་མཇལ་གྱིས། སྤྱི་ཟླ་༨པའི་ཚེས་༢༢ཉིན་རུ་ཁག་ཡོངས་རྫོགས་ཀྱི་གནས་སྐོར་མཇུག་སྒྲིལ་གནང་རྩིས་ཡོད་པས། རུ་ཁག་རེ་རེའི་ངོས་ནས་བོད་ནང་ཉི་མ་༢༢རེ་གནས་སྐོར་གྱིས་བཞུགས་འཆར་ཡོད་པ་རེད།
གནས་སྐོར་བསྐྱར་གསོ་དང་འབྲེལ་རྒྱ་དཀར་ནག་གི་འབྲེལ་ལམ་ལ་ཕན་གནོད་ཇི་ཡོད་སྐོར་འདི་ག་རླུང་འཕྲིན་ཁང་ནས་རྒྱ་གར་ཕྱི་སྲིད་ལྷན་ཁང་ལ་ཡིག་འབྲེལ་བཀའ་འདྲི་ཞུས་ཀྱང་ལན་གསལ་འབྱོར་མེད།
རྒྱ་གར་གྱིས་རྒྱ་ནག་གི་ཅ་ལག་ལོ་རེའི་ནང་ཨ་རིའི་སྒོར་མོ་ཐེར་འབུམ་༩༩ ༢རེའི་རིན་འབབ་ནང་འདྲེན་གནང་སྟེ། རྒྱ་གར་ནག་དབར་ཕྱིར་ཚོང་ནང་འདྲེན་གྱི་ཁྱད་པར་ཆེན་པོ་ཤོར་ཡོད་པས། ཉེ་ལམ་ནས་རྒྱ་གར་ནང་གི་རྒྱ་ནག་གཞུང་ཚབ་པ་Xu Feihongཟེར་བས་རྒྱ་ནག་གིས་རྒྱ་གར་གྱི་ཚོང་ཟོག་ཇི་བས་མང་བ་རྒྱ་ནག་ཏུ་འཚོང་རྒྱུར་དགའ་བསུ་དང་སྐུལ་མ་ཤུགས་ཆེ་ཡོད་པ་དང་ཆབས་ཅིག རྒྱལ་མཚམས་ཀྱི་རྒྱ་ནག་གི་ཚོང་ལས་ས་ཚིགས་ཁག་ནང་རྒྱ་གར་གྱིས་ཆ་ཤས་གང་དྲག་བླངས་ཏེ། དྲང་པོ་དང་ཕྱི་གསལ་ནང་གསལ། དབྱེ་འབྱེད་མེད་པའི་ལམ་ནས་མཉམ་ལས་རྒྱ་ཆེར་བྱེད་དགོས་པ་གལ་ཆེན་ཡིན་ལུགས་བཤད་ཡོད་པ་མ་ཟད། པེ་ཅིང་གཞུང་ནི་རྒྱ་གར་གྱི་ཅ་ལག་ནང་འདྲེན་ཐད་གྲ་སྒྲིག་ཨང་གསར་ཡིན་པ་དང་། རྒྱ་གར་གྱི་ཅ་ལག་ཐོག་བཀག་འགོག་གཏན་ནས་བྱེད་མི་སྲིད་པ་སོགས། མདོར་ན་རྒྱ་ནག་ལ་རྒྱལ་སྤྱིའི་སྟེང་ཨ་མི་རི་ཀས་མཚོན་པའི་ཕྱིར་ཚོང་གི་གནོན་ཤུགས་སྣ་ཚོགས་ཤིག་ཡོང་བཞིན་པའི་སྐབས་འདིར། རྒྱ་ནག་གཞུང་གིས་རྒྱ་གར་དང་མཉམ་འབྲེལ་གྱིས་ལྷོ་ཨེ་ཤེ་ཡའི་ནང་ཚོང་འབྲེལ་གྱི་ཐབས་ལམ་འདྲ་མིན་ཞིག་འཚོལ་བཞིན་པ་རེད།
རྒྱ་མཚོའི་ངོས་ལས་མཐོ་ཚད་ཧྥི་ཁྲེ་ཉིས་ཁྲི་ཆིག་སྟོང་ལྷག་ཡོད་པའི་བོད་ཀྱི་སྟོད་གངས་རིན་པོ་ཆེ་ནི། གཡུང་དྲུང་བོན་ཆོས་དང་ནང་པའི་ཆོས་ལུགས། མུ་སྟེགས་པའི་ཆོས་ལུགས་བཅས་ཀྱི་གནས་མཆོག་ཁྱད་པར་ཅན་དུ་བརྩི་སྲོལ་ཡོད་པ་བཞིན། དམིགས་བསལ་རྒྱ་གར་གྱི་རིག་བྱེད་པའམ་ཧིན་ངྷུའི་ཆོས་ལུགས་ཀྱི་རྗེས་འཇུག་པ་རྣམས་ཀྱིས་ལྷ་དབང་ཕྱུག་ཆེན་པོ་དང་ལྷ་མོ་ཨུ་མ། སྲས་ཚོགས་བདག་སོགས་གངས་རིན་པོ་ཆེར་བཞུགས་ཡོད་པའི་ཡིད་ཆེས་གནང་ལམ་ཡོད་པར་བརྟེན། གངས་རིན་པོ་ཆེ་དང་མཚོ་མ་ཕམ་ནི་གནས་འགངས་ཅན་དང་བྱིན་རླབས་ཆེན་པོར་བརྩི་སྲོལ་ཡོད་པ་རེད།།
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། བསྟན་འཛིན་པདྨ།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་།