རྒྱ་ནག་གིས་བོད་ནང་ཤིང་སྡོང་མང་པོ་བཙུགས་པ་བསྒྲགས་ཡོད་ཀྱང་འཛུཊ་སྐྲུན་ལས་གཞི་འདྲ་མིན་འོག་ཁོར་ཡུག་ལ་གཏོར་སྐྱོན་ཐེབས་བཞིན་ཡོད་པ།

2024.12.30
རྒྱ་ནག་གིས་བོད་ནང་ཤིང་སྡོང་མང་པོ་བཙུགས་པ་བསྒྲགས་ཡོད་ཀྱང་འཛུཊ་སྐྲུན་ལས་གཞི་འདྲ་མིན་འོག་ཁོར་ཡུག་ལ་གཏོར་སྐྱོན་ཐེབས་བཞིན་ཡོད་པ། རྒྱ་ནག་གིས་བོད་ནང་འཛུཊ་སྐྲུན་ལས་གཞི་འདྲ་མིན་འོག་ཁོར་ཡུག་ལ་གཏོར་སྐྱོན་ཐེབས་བཞིན་ཡོད་པ།
སྒྲིག་བཟོ། /ICT

རྒྱ་ནག་གིས་བོད་ཀྱི་རྒྱལ་ས་ལྷ་ས་གྲོང་ཁྱེར་གྱིས་ ༢༠༢༤ ལོར་ས་ཞིང་སྤྱི་ཆིང་ཆིག་ཁྲི་བརྒལ་བར་ཤིང་སྡོང་བཙུགས་ལུགས་བསྒྲགས་འདུག ཡིན་ནའང་རྒྱ་ནག་གཞུང་གིས་བོད་ཁུལ་དུ་ཤིང་ནགས་གཅོད་འབྲེག་དང་གཏེར་ཁ་སྔོག་འདོན། ཆུ་རགས་གསར་རྒྱག་སོགས་ལས་གཞི་སྣ་ཚོགས་ཤིག་སྤེལ་ཏེ་བོད་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་གནོད་འཚེ་ཆེན་པོ་ཐེབས་ཡོད་པ་ཁོར་ཡུག་ཆེད་མཁས་པ་ཚོས་སྐྱོན་བརྗོད་བྱེད་བཞིན་ཡོད་པ་རེད།
དེ་ཡང་ལྷ་ས་གྲོང་ཁྱེར་གྱིས་ཕྱི་ཟླ་ ༡༢ ཚེས་ ༢༩ ཉིན་སྤེལ་བའི་གཞུང་གི་ལས་དོན་སྙན་ཐོའི་ནང་། ༢༠༢༤ ལོར་ལྷ་ས་གྲོང་ཁྱེར་གྱིས་ལྷ་སའི་ལྷོ་དང་བྱང་གི་ས་ཁུལ་ཁག་དུ་སྤྱི་ཆིང་ཆིག་ཁྲི་ཆིག་སྟོང་བརྒྱད་བརྒྱ་ལྷག་གི་ཤིང་ནགས་འདེབས་འཛུགས་བྱས་ཡོད་པ་མ་ཟད། ལྷ་ས་གྲོང་ཁྱེར་དུ་གོམ་པ་གྲུ་བཞི་མ་ཁྲི་གཅིག་དང་སྟོང་གསུམ་ལྷག་གི་ལྡུམ་རྭ་དང་ཁྱམས་རྭ་སོགས་ལྗང་མདོག་ཅན་དུ་བསྒྱུར་ཡོད་ལུགས་བཀོད་ཡོད་པ་རེད།
འདི་འབྲེལ་ལྷ་ས་གྲོང་ཁྱེར་གྱི་སྤྱི་ཁྱབ་པ་ཝང་ཆིའང་ (Wang Qiang) ཟེར་བས་ ༢༠༢༥ ལོར་ལྷ་ས་གྲོང་ཁྱེར་དུ་མུ་མཐུད་ནས་ས་ཞིང་མུ་ཁྲི ༢༥ ཐོག་ཤིང་སྡོང་བཙུགས་ནས་ལྗང་མདོག་ཅན་དུ་བསྒྱུར་རྒྱུ་ཡིན་ལུགས་བཤད་པ་རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་གསར་སྤེལ་ཁང་གིས་ལུང་འདྲེན་བྱས་ཏེ་གནས་ཚུལ་སྤེལ་འདུག
འོན་ཀྱང་ཕྱི་ལོ་ ༢༠༢༤ ལོ་བར་རྒྱ་ནག་གཞུང་གིས་བོད་ནང་དུ་ཆུ་རགས་ ༡༩༣ འཛུགས་སྐྲུན་བྱེད་དང་བྱ་རྒྱུའི་འཆར་གཞི་གཏན་འབེབས་བྱས་ནས་ཆུ་རགས་ཁག་ཅིག་དངོས་སུ་འཛུགས་སྐྲུན་འགོ་ཚུགས་ཡོད་པ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་སྙན་ཐོ་རུ་གསལ་འདུག གཞི་རྒྱ་ཆེ་བའི་ལས་གཞི་དེ་དག་གིས་བོད་ཀྱི་སྐྱེ་ཁམས་ཁོར་ཡུག་དང་རིག་གཞུང་། སྤྱི་ཚོགས་ལ་གནོད་སྐྱོན་བཟོ་བཞིན་ཡོད་ཚུལ་སྙན་ཐོའི་ནང་གསལ་སྟོན་གནང་ནས་དམིགས་བཀར་དྲྭ་ལམ་ས་ཁྲ་ཞིག་ཀྱང་འདོན་སྤེལ་བྱས་ཡོད་པ་རེད།
དེ་མཚུངས་སུ་ལོ་ངོ་བརྒྱ་ཕྲག་གི་ལོ་རྒྱུས་ཡོད་པའི་བོད་པའི་དགོན་གྲོང་མང་དག་ཅིག་བཙན་ཤེད་ཀྱི་འོག་ནས་གནས་སྤོ་བྱས་བཅུག་པ་དང་ཆུ་རགས་བརྒྱབས་ཏེ་ཆུའི་འོག་བསྣུབས་པ་སོགས་དོན་རྐྱེན་དུ་མ་བྱུང་ཡོད་པ་རེད། འབྲི་ཆུའི་བཞུར་རྒྱུན་དུ་ཆུ་མཛོད་གསར་རྒྱག་གི་ལས་འཆར་སྤེལ་ནས་ས་གནས་བོད་མིས་ཞུ་འབོད་བྱས་ཡོད་པ་དཔེར་ན། ཕྱི་ལོ་ ༢༠༢༤ ཟླ ༢ ནས་བཟུང་སྡེ་དགེ་རྫོང་མི་དམངས་སྲིད་གཞུང་གི་སྒོ་འགྲམ་དུ་བོད་མི་མང་པོ་འཛོམས་ནས་དབོན་པོ་སྟོད་ཕྱོགས་སུ་ཤང་གཉིས་དང་དགོན་པ་དྲུག་ས་གནས་གཞན་ལ་གནས་སྤོ་མི་དགོས་པའི་ཞུ་སྐུལ་བྱས་པར་བརྟེན། ༢༠༢༤ ཟླ ༢ ཚེས ༢༢ ཉིན་སྡེ་དགེ་རྫོང་གིས་ཞི་བའི་རེ་སྐུལ་འདོན་མཁན་བོད་མི ༡༠༠༠ ལྷག་བཀག་ཉར་བྱས་ཏེ་ཉེས་རྡུང་བཏང་ནས་བོད་མི་མང་པོ་ཞིག་སྨན་ཁང་ལ་བསྐྱལ་དགོས་འཁེལ་བ་ཡང་བྱུང་ཡོད་པ་རེད།
དེ་མིན་ ༢༠༢༤ ཟླ ༧ པའི་ནང་། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་བྲག་དཀར་རྫོང་དང་མང་རྫོང་གཉིས་ཀྱི་ས་མཚམས་སུ་འཁེལ་བའི་དཀར་མོ་གཡང་འཁྱིལ་དུ་ཆུ་ཤུགས་གློག་འདོན་འཛུགས་སྐྲུན་ལ་ཁ་གཡར་ནས་ལོ་ ༡༣༠ ལྷག་གི་ལོ་རྒྱུས་ཅན་གྱི་ཨ་ཚོགས་དགོན་པ་དང་མཆོད་རྟེན་སྡེ་བ་སོགས་བཙན་དབང་གིས་གནས་སྤོ་རུ་བཅུག་ཡོད་པ་དང་། དགོན་པ་གཏོར་ཤུལ་གྱི་ས་གཞི་བཅས་པ་ཆུ་རགས་རྒྱག་པའི་རྐྱེན་གྱིས་ཆུའི་འོག་ཏུ་བསྣུབས་པ་བྱུང་ཡོད།།


གསར་འགོད་པ། སྟག་ལྷ་རྒྱལ།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎