བོད་ཀྱི་གཙང་པོ་ཁག་ཏུ་ཆུ་ཤུགས་གློག་འདོན་གྱི་ས་ཚིགས་ཤུགས་ཆེ་འཛུགས་སྐྲུན་བྱེད་བཞིན་པ་དེས། བོད་ཀྱི་དཔལ་ཡོན་དང་། སྤྱི་ཚོཊ། ཁོར་ཡུག་བཅས་ལ་གནོད་སྐྱོན་ཐེབས་བཞིན་ཡོད་པའི་སྐོར་སྙན་ཐོ་བཏོན་འདུག

2024.12.05
བོད་ཀྱི་གཙང་པོ་ཁག་ཏུ་ཆུ་ཤུགས་གློག་འདོན་གྱི་ས་ཚིགས་ཤུགས་ཆེ་འཛུགས་སྐྲུན་བྱེད་བཞིན་པ་དེས། བོད་ཀྱི་དཔལ་ཡོན་དང་། སྤྱི་ཚོཊ། ཁོར་ཡུག་བཅས་ལ་གནོད་སྐྱོན་ཐེབས་བཞིན་ཡོད་པའི་སྐོར་སྙན་ཐོ་བཏོན་འདུག རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་བཏོན་པའི་བོད་ནང་འཛུགས་སྐྲུན་བྱས་དང་བྱེད་འཆར་གྱི་ཆུ་མཛོད་ཀྱི་གནོད་སྐྱོན་སྙན་ཐོའི་མདུན་ཤོག ༢༠༢༤། ༡༢། ༥ ཉིན།
ICT

རྒྱ་ནག་གཞུང་གིས་འཛུགས་སྐྲུན་བྱས་དང་བྱེད་འཆར་གྱི་ཆུ་མཛོད་བརྒྱ་ཆ ༨༠ གློག་འདོན་ཤུགས་ཚད་སྟོང་ཝ(MW༡༠༠)ཡིན་པ་དེས། བོད་ཀྱི་རིག་གནས་དཔལ་ཡོན་དང་རང་བྱུང་ཁོར་ཡུག་དོ་སྙོམས། གནམ་གཤིས་སོགས་ལ་ཉེན་ཁ་ཤུགས་ཆེར་ཡོང་རྒྱུ་ཡིན་པ་དང་། ད་ལྟའི་ཆར་རྒྱག་འཆར་ཡོད་པའི་ཆུ་མཛོད་བརྒྱ་ཆ་༥༩ མུ་མཐུད་འཆར་གཞིའི་ཁོངས་སུ་ཡོད་སྟབས།  རྒྱ་ནག་གཞུང་གིས་འགྱུར་བ་གཏང་བ་ཡིན་ན་གོ་སྐབས་ཡོད་སྐོར་སོགས་བཀོད་འདུག

ཕྱི་ལོ་ ༢༠༢༤ ཟླ་ ༡༢ ཚེས་ ༥ ཉིན། ཨ་རིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས། ཕྱི་ལོ་ ༢༠༢༠ ནས་བཟུང་རྒྱ་ནག་གཞུང་གིས་བོད་ནང་གི་ས་ཁུལ་ ༡༩༣ ནང་། བོད་ཀྱི་གཙང་བོ་ཁག་ལ་ཆུ་རགས་འཛུགས་སྐྲུན་བྱས་དང་བྱེད་འཆར་ཡོད་པ་དེས། བོད་ཀྱི་ཁོར་ཡུག་དང་རིག་གཞུང་། སྤྱི་ཚོགས་ལ་གནོད་སྐྱོན་བཟོ་བཞིན་ཡོད་པའི་སྙན་ཐོ་དང་དྲ་ལམ་ས་ཁྲ་ཞིག་འདོན་སྤེལ་གནང་ཡོད་པ་དང་། སྙན་ཐོའི་ནང་གཙོ་བོ་རྒྱ་ནག་དམར་ཤོག་ཚོགས་པས་བོད་ཀྱི་གཙང་པོ་ཁག་གི་སྟེང་། ཆུ་ཤུགས་གློག་འདོན་ས་ཚིགས་གསར་རྒྱག་ཧ་ཅང་ཤུགས་ཆེར་བྱེད་བཞིན་པ་དེས། བོད་ཀྱི་གནའ་བོའི་ཤེས་རིག་དང་ཁོར་ཡུག ས་ཁུལ་གྱི་བརྟན་ལྷིང་། གནམ་གཤིས་འགྱུར་ལྡོག་གི་རང་བཞིན་བཅས་ལ་གནོད་སྐྱོན་བསུབ་ཐབས་བྲལ་བ་བཟོ་བཞིན་པ་མ་ཟད། དེ་བཞིན་གཙང་བོ་དེ་དག་གི་རྒྱུན་ལ་གནས་སྡོད་བྱསད་པའི་མི་གྲངས་ཐེར་འབུམ་ ༡།༨ ཀྱི་འཚོ་གནས་ལ་ཉེན་ཁ་འཕྲད་སྲིད་པའི་སྐོར་འཁོད་ཡོད་འདུག

HYDROPOWER PROJECTS 1.png
བོད་ནང་རྒྱ་ནག་གི་ཆུ་ཤུགས་གློག་འདོན་འཛུགས་བསྐྲུན་གྱི་ལས་འཆར་ཁག པར་རིས་སྒྲིག་བཟོ། Nordon/RFA

རྒྱ་ནག་གཞུང་གིས་འདི་ལོ་གཅིག་པུར་བོད་ནང་གི་རྨ་འབྲུ་གཙང་བོ་ཁག་གི་སྟེང་། ཆུ་ཤུགས་གློག་འདོན་ས་ཚུགས་ཆེ་གྲས་ཁག་ཅིག་རྒྱག་ཆེད་ས་གནས་ཀྱི་ཡུལ་མི་དང་དགོན་པ་མང་དག་ཅིག་བཙན་ཐབས་ཀྱིས་གནས་སྤོར་བྱས་པའི་དཀའ་ངལ་ཤུགས་ཆེར་བྱུང་བའི་ཁྲོད། འདི་ལོའི་ཕྱི་ཟླ་གཉིས་པའི་ནང་སྡེ་དགེ་མི་མང་གིས་ཆུ་མཛོད་གསར་རྒྱག་ལ་ཞུ་སྐུལ་བྱས་རྐྱེན། འཛིན་བཟུང་བཙོན་མཇུག་དང་བཅར་རྡུང་སོགས་བྱས་པ་མ་ཟད། སྡེ་དགེ་དབོན་སྟོད་དགོན་བཙན་ཐབས་ཀྱིས་གནས་སྤོར་དགོས་པའི་བཀོད་ཁྱབ་འོག་ཡོད་པ་རེད་ལ། ཕྱི་ཟླ་ ༤་ནང་མགོ་ལོག་རྭ་རྒྱ་གྲོང་རྡལ་མར་སྟེང་སྡེ་བའི་ཉེ་འགྲམ་དུ། ཆུ་མཛོད་བརྒྱབ་རྐྱེན་རྨ་ཆུའི་བཞུར་རྒྱུན་ཇེ་ཉུང་དུ་ཕྱིན་པ་དང་ཉེ་འཁོར་གྱི་རྩི་ཤིང་དང་སྐྱེ་ཁམས་དོ་མི་སྙོམས་པ། དབྱར་ཁ་གློ་བུར་ཆུ་ལོག་ཡོང་བ་སོགས་ཀྱི་རང་བྱུང་གཏོར་སྐྱོན་ཤུགས་ཆེར་ཕྱིན་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད། དེ་བཞིན་རྒྱ་ནག་གཞུང་གིས་རྨ་ཆིར་ཆུ་མཛོད་རྒྱག་ཆེད་ཨ་ཚོགས་དགོན་རྩ་གཏོར་གྱིས་གནས་སྤོར་བཏང་བ་སོགས་ཀྱི་གནས་སྟངས་བྱུང་ཡོད་པ་རེད་ལ། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་སྙན་ཐོའི་ནང་། གལ་ཏེ་རྒྱ་ནག་གཞུང་གིས་བོད་ནང་གི་རྒྱག་འཆར་དང་རྒྱག་བཞིན་པའི་ཆུ་མཛོད་ ༡༩༣ དེ་དངོས་སུ་གྲུབ་པ་ཡིན་ན། གནད་དོན་དེས་བོད་ཀྱི་ས་ཁུལ་ཡོངས་ནས་མི་གྲངས་ས་ཡ་ ༡།༢་ བཙན་ཐབས་ཀྱིས་གནས་སྤོར་དང་། བོད་ཀྱི་རྩ་ཆེ་བའི་དགོན་སྡེ་ཁག་དང་མི་མང་གི་འཚོ་གནས་ལ་གཏོར་སྐྱོན་ཤུགས་ཆེར་བཟོ་རྒྱུ་ཡིན་པ་སོགས་བཀོད་འདུག

HYDROPOWER PROJECTS 3.png
ཆུ་རགས་འཛུགས་བསྐྲུན་ཁྲོད་གནོད་སྐྱོན་ཐེབས་པའི་གྲངས་ཐོ། པར་རིས་སྒྲིག་བཟོ། ནོར་སྒྲོན། Nordon/RFA 

ཡང་སྙན་ཐོའི་ནང་མུ་མཐུད། ཞིབ་མཇུག་སྙན་ཐོར་གསལ་བ་ལྟར་ན་རྒྱ་ནག་གཞུང་གིས་འཛུགས་སྐྲུན་བྱས་དང་བྱེད་འཆར་གྱི་ཆུ་མཛོད་བརྒྱ་ཆ ༨༠ གློག་འདོན་ཤུགས་ཚད་སྟོང་ཝ(MW༡༠༠)ཡིན་པ་དེས། བོད་ཀྱི་རིག་གནས་དཔལ་ཡོན་དང་རང་བྱུང་ཁོར་ཡུག་དོ་སྙོམས། གནམ་གཤིས་སོགས་ལ་ཉེན་ཁ་ཤུགས་ཆེར་ཡོང་རྒྱུ་ཡིན་པ་དང་། ད་ལྟའི་ཆར་རྒྱག་འཆར་ཡོད་པའི་ཆུ་མཛོད་བརྒྱ་ཆ་༥༩ མུ་མཐུད་འཆར་གཞིའི་ཁོངས་སུ་ཡོད་སྟབས།  རྒྱ་ནག་གཞུང་གིས་འགྱུར་བ་གཏང་བ་ཡིན་ན་གོ་སྐབས་ཡོད་སྐོར་སོགས་བཀོད་འདུག་ལ། འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་ཤེས་རྟོགས་བྱུང་བར་གཞིགས་ན། རྒྱ་ནག་གཞུང་གིས་ཕྱི་ལོ་༡༩༩༤ལོར་ཐོག་མར་རྫ་ཆུ་གཙང་བོའི་ཐོག་ཆུ་མཛོད་རྒྱག་མགོ་ཚུགས་ཡོད་པ་དང་། དེའི་རྗེས་ཆུ་མཛོད་མང་རུ་བཏང་སྟེ་ད་ལྟའི་ཆར་ཆུ་མཛོད་༡༡་བརྒྱབ་ཡོད་པ་དང་། གཞན་ཡང་རྒྱ་ནག་གཞུང་ལ་མུ་མཐུད་རྫ་ཆུ་གཙང་བོའི་སྟེང་ཆུ་མཛོད་༡༢རྒྱག་འཆར་ཡོད་པ་དང་། བསྡོམས་པས་གཙང་བོ་གཅིག་གི་སྟེང་ཆུ་མཛོད་༢༤འཛུགས་སྐྲུན་བྱེད་འཆར་ཡོད་པས། ཚད་ལས་བརྒལ་སྟེ་གཙང་བོ་ཁག་གི་ནུས་པ་ཉམས་གཞིར་གྱུར་ཡོད་པ་ཉམས་ཞིབ་པ་ཚོས་བརྗོད་བཞིན་ཡོད་པ་རེད།

HYDROPOWER PROJECTS 2.png
བོད་ནང་རྒྱ་ནག་གི་ཆུ་ཤུགས་གློག་འདོན་ཆེད་ཆུ་རགས་འཛུགས་བསྐྲུན་བྱས་བའི་མཇུག་འབྲས།  པར་རིས་སྒྲིག་བཟོ། Nordon/RFA

རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་བོད་ནང་གི་ཆུ་མཛོད་གྱི་གནོད་སྐྱོན་ཁོ་ནར་དམིགས་ཏེ་བཏོན་པའི་སྙན་ཐོ་དེར། ཁྱོན་ཤོས་ངོས་ ༥༨ ཡོད་པ་ལས་བོད་ཀྱི་ས་ཁུལ་གྱི་ས་ཁ་དང་ཉམས་ཞིབ་བྱེད་ཚུལ། བོད་ཁུལ་ཡོངས་སུ་འཛུགས་སྐྲུན་བྱེད་བཞིན་པའི་ཆུ་མཛོད་སྐོར་དང་། ཆུ་མཛོད་ཀྱི་ཤུགས་རྐྱེན་དང་གཏོར་སྐྱོན། ས་ཁུལ་ཡུན་གནས་དང་རྒྱ་ནག་གཞུང་གིས་མུ་མཐུད་རྒྱག་འཆར་ཡོད་པའི་ཆུ་མཛོད་ཁག་ལ་འགྱུར་བ་གཏོང་དགོས་པ། ཆུ་མཛོད་རྚཀྱེན་གྱིས་བོད་ནང་གི་ནུས་རྒྱུ་དང་ཐོན་ཁུངས་འཕོ་འགྱུར་གྱིས། རང་བྱུང་ཁོར་ཡུག་དང་གནམ་གཤིས་འགྱུར་ལྡོག་གི་གནོད་སྐྱོན་ངོས་སོགས་ནས་གླེང་སློང་དང་། མཇུག་ཏུ་རྒྱ་ནག་གཞུང་དང་ས་གནས་སྲིད་གཞུང་དང་། དེ་བཞིན་བཟོ་ལས་ཚོང་གཉེར་ཁང་ཁག་དང་རྒྱལ་སྤྱིའི་བཟོ་ཚོང་ཁང་སོགས་ལ་རེ་སྐུལ་ཆེད། བོད་ནང་ཚད་ལས་བརྒལ་བའི་ཆུ་མཛོད་འཛུགས་སྐྲུན་མཚམས་འཇོག་དང་། ཚོང་གཉེར་ཆེད་རྒྱབ་སྐྱོར་མི་བྱེད་པ། མ་འོངས་པར་ཐབས་ལམ་གང་འདྲ་ཞིག་ཡིན་རུང་བོད་རིགས་མི་མང་ཚོར་རང་བྱུང་ཐོན་ཁུངས་བེད་སྤྱོད་གཏོང་ཕྱོགས་ཐད། རང་བདག་རང་མོས་ཀྱིས་ཐག་གཅོད་བྱེད་པའི་ཐོབ་ཐང་ཡོད་པའི་ཆབ་སྲིད་ཀྱི་ཐབས་ལམ་ཞིག་ཡོད་དགོས་སྟབས། གནད་དོན་དེར་རྒྱ་ནག་གཞུང་ངོས་ནས་༧གོང་ས་༸སྐྱབས་མགོན་ཆེན་པོའི་སྐུ་ཚབ་དང་ལྷན་དུ། དོན་ཕན་ལྡན་པའི་གྲོས་མོལ་གནང་རྒྱུ་ནས་འགོ་འཛུགས་དགོས་སྐོར་སོགས་བཀོད་འདུག

གསར་འགོད་པ། བསྟན་འཛིན་ནོར་འཛོམས།

རྩོམ་སྒྲིག་པ། བསྟན་འཛིན་པདྨ།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎