བོད་ཀྱི་ལྷོ་ཁ་མངའ་ཁུལ་དུ་གསེར་གྱི་གཏེར་ཁ་ཞིག་རྙེད་སོན་བྱུང་ཡོད་འདུག
དེ་ཡང་རྒྱ་ནག་གི་(Silver Group Ltd)་དང་། (CSMall Group Ltd)་གཉིས་ཀྱིས་མཉམ་དུ་གནས་ཚུལ་བསྒྲགས་པ་ལྟར་ན། རང་དབང་ལྡན་པའི་ས་གཞི་ཉམས་ཞིབ་ཚན་པས་བརྟག་དཔྱད་བྱས་པ་བརྒྱུད་སྔ་ལོའི་ཕྱི་ཟླ་བཅུ་གཉིས་པའི་ནང་། བོད་ཀྱི་ལྷོ་ཁ་མངའ་ཁུལ་དུ་གསེར་གྱི་གཏེར་ཁ་ཞིག་རྙེད་སོན་བྱུང་བ་ནས་ཏུན་༢༥ཙམ་ཐོན་སྲིད་པ་དང་མུ་མཐུད་དུ་འདིའི་ཐོག་ཞིབ་འཇུག་བྱེད་རྒྱུ་ཡིན་ལུགས་བཀོད་ཡོད་འདུག
གནས་ཚུལ་ནང་གསལ་ལྟར་ན། གོང་དུ་ཞུས་པའི་(Silver Group Ltd)་ཞེས་པའི་ཚོང་དོན་ཚན་པ་འདི་ནི་ཕྱི་ལོ་༢༠༠༢ ལོར་གསར་འཛུགས་བྱས་པ་ཞིག་ཡིན་པ་དང་། རྒྱ་ནག་ཁྱོན་ཡོངས་ཀྱི་དངུལ་གྱི་བཟོ་གྲྭ་ཆེ་ཤོས་ཤིག་དང་དངུལ་གྱི་བཅའ་དངོས་འཛམ་གླིང་ནང་སྤུས་དག་ཤོས་གྲས་སུའང་ཚུད་ཀྱི་ཡོད་འདུག
དེ་དང་ཕྱོགས་མཚུངས་(CSMall Group Ltd)་ཞེས་པའི་ཚན་པ་དེ་བཞིན་ཕྱི་ལོ་ ༢༠༡༣ ལོར་བཙུགས་པ་ཞིག་ཡིན་པ་དང་། གོང་ཞུས་(Silver Group Ltd)་དང་མཉམ་འབྲེལ་བྱས་ནས་བོད་ནང་གཏེར་ཁ་སྔོག་འདོན་བྱེད་མཁན་གཙོ་བོ་ཞིག་ཡིན་པ་མ་ཟད། གཏེར་དངོས་རིགས་རྫས་བཟོ་ཚོང་རྒྱ་སྐྱེད་གཏོང་རྒྱུའི་ལས་དོན་མུ་མཐུད་ནས་གཉེར་གྱི་ཡོད་ལུགས་བཀོད་འདུག་ལ་རྒྱ་ནག་ནང་དྲྭ་རྒྱའི་ཐོག་ནས་གསེར་དང་དངུལ་གྱི་རྒྱུ་ཆའི་རིགས་ཚོང་བསྒྱུར་བྱེད་མཁན་གཙོ་བོའི་གྲས་ཞིག་ཡིན་འདུག
གནས་ཚུལ་ནང་བོད་ཀྱི་ལྷོ་ཁ་མངའ་ཁུལ་དུ་གསེར་གྱི་གཏེར་ཁ་ཁྱོན་ཆེ་ཞིག་ཐོན་རྒྱུའི་གནས་ཚུལ་ཙམ་ལས་དམིགས་བསལ་ལྷོ་ཁ་མངའ་ཁུལ་གྱི་ས་གནས་གང་ཡིན་པ་སོགས་གསལ་ཁ་བཏོན་མེད་པ་རེད།
གཞན་བོད་མདོ་དབུས་མཐོ་སྒང་ནས་ཏུན་ཁྲི་ཉིས་སྟོང་ལྷག་གི་ཟངས་ཀྱི་གཏེར་ཁའི་ཐོན་ཁུངས་གསར་པ་ཞིག་རྙེད་སོན་བྱུང་བ་དང་། དེ་ནི་བོད་མཐོ་སྒང་ནང་དུ་ཟངས་ཀྱི་གཏེར་ཁ་ཏུན་ཁྲི་ཕྲག་མང་པོའི་གཏེར་ཁའི་ཐོན་ཁུངས་གི་རྟེན་གཞི་བཞི་པ་དང་། བོད་མཐོ་སྒང་ནི་འཛམ་གླིང་སྟེང་ཟངས་ཀྱི་གཏེར་ཁའི་ཐོན་ཁུངས་ཀྱི་རྟེན་གཞིར་འགྱུར་རྒྱུའི་རེ་བ་བྱེད་ཀྱི་ཡོད་ལུགས་རྒྱ་ནག་གཞུང་འབྲེལ་གྱི་མི་དམངས་དྲྭ་བ་སོགས་གསར་ལམ་ཁག་ཅིག་ནང་ཕྱི་ཟླ་དང་པོའི་ཚེས་༦རེས་གཟའ་ཟླ་བའི་ཉིན་གནས་ཚུལ་བཀོད་སྤེལ་བྱས་ཡོད་པ་རེད། ཡིན་ན་ཡང་རྒྱ་ནག་གཞུང་གིས་གཏེར་ཁ་སྔོག་འདོན་གྱིས་ཁོར་ཡུག་གཏོར་སྐྱོན་ཐེབས་བཞིན་པ་ཉམས་ཞིབ་པས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་ཡོད།
སྤྱིར་བཏང་བོད་ནང་རྒྱ་ནག་གཞུང་གིས་འདས་པའི་ལོ་ངོ་བཅུ་ཕྲག་འགའ་ཤས་གོང་ནས་གསེར་དང་དངུལ། ཟངས། དེ་བཞིན་ཤིན་ཏུ་རྙེད་དཀའ་བའི་རྩ་ཆེའི་དངོས་རྫས་མང་དག་ཞིག་རྙེད་སོན་བྱུང་ཡོད་ཀྱང་དེ་དག་གི་ཁེ་ཕན་ས་གནས་བོད་མིར་མེད་པའི་ཁར་དེས་རྐྱེན་པས་བོད་ཀྱི་རྩ་ཆེའི་གནས་རི་དང་། ཁོར་ཡུག་ལ་དོ་ཕོག་ཐེབས་པ། དེས་རྐྱེན་པས་རང་བྱུང་ལ་གནོད་འཚེ་ཕོག་པ་བཅས་ཀྱི་དཀའ་ངལ་དུ་མ་ཞིག་འཕྲད་ཀྱི་ཡོད་པ་དང་ས་གནས་ཡུལ་མི་ཚོས་དེ་དག་ལ་གདོང་ལེན་གྱིས་ལས་འགུལ་སྤེལ་བར་དམ་དྲག་བྱས་པའི་གནས་ཚུལ་ཡང་སེ་ཐོན་བཞིན་ཡོད་པ་རེད།
གསར་འགོད་པ། རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།