ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག

2025.05.01
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག ཤང་དྷ་གློག་གི་བཟོ་ལས་ཁང་གི་ལས་མི་ཚོས་ངོ་རྒོལ་བྱེད་བཞིན་པ།
@YesterdayBigcat

ཨ་རྒྱ་གཉིས་དབར་ཚོང་དམག་ཇེ་ཆེར་འགྲོ་བཞིན་པ་དང་ཨ་རིས་རྒྱ་ནག་ལ་སྒོ་ཁྲལ་ཧ་ཅང་མཐོ་པོ་བཀལ་བའི་རྐྱེན་གྱིས་རྒྱ་ནག་ནང་བཟོ་གྲྭ་མང་པོ་སྒོ་རྒྱག་དགོས་བྱུང་བས། བཟོ་གྲྭའི་ནང་ལས་ཀ་བྱེད་མཁན་ལས་མི་ས་ཡ་མང་པོར་དོ་ཕོགས་བྱུང་བར་བརྟེན་ལས་མི་མང་པོས་གླ་ཕོགས་ཆ་ཚང་སྤྲོད་དགོས་པའི་འབོད་སྒྲ་སྒྲོག་བཞིན་རྒྱ་ནག་གི་ལུང་པ་གང་སར་ངོ་རྒོལ་བྱེད་བཞིན་འདུག

དེ་ཡང་ངོ་རྒོལ་ཤུགས་ཆེ་བ་དབུས་རྒྱུད་ཀྱི་ཧུའུ་ནན་ཞིང་ཆེན་ནང་གི་དའོ་རྫོང་དང་། ལྷོ་ནུབ་ཏུ་སི་ཁྲོན་ཞིང་ཆེན་ཀྱི་སུའུ་ཉིང་གྲོང་ཁྱེར། ནང་སོག་གི་ཏུང་ལིའོ་གྲོང་ཁྱེར་སོགས་ནང་བྱུང་འདུག་ལ། (X)སྤྱི་ཚོགས་དྲ་རྒྱའི་ཐོག་རྒྱ་ནག་ནང་ངོ་རྒོལ་དང་འབྲེལ་བའི་གནས་ཚུལ་ཁོ་སྤྲོད་པ་ (@YesterdayBigcat) གྱིས་སྤེལ་བའི་བརྙན་ཞིག་ནང་། སི་ཁྲོན་ཞིང་ཆེན་དུ་བཟོ་གྲྭ་ཞིག་གིས་ཕྱི་ལོ་ ༢༠༢༥ ལོའི་ཕྱི་ཟླ་ ༡ ནས་ལས་མི་ཚོར་གླ་ཕོགས་སྤྲོད་མེད་པ་དང་། ཕྱི་ལོ་ ༢༠༢༣ ཕྱི་ཟླ་ ༦ ནས་ད་བར་ལོ་གཉིས་ཙམ་རིང་སྤྱི་ཚོགས་འགན་སྲུང་གྱི་ཐོབ་ཐང་སྤྲད་མེད་པ་བསྒྲགས་འདུག

ཕྱི་ཟླ་ ༤ ཚེས་༢༤ ཉིན། དའོ་རྫོང་ཁོངས་ཀྱི་ (Guangxin Sports Goods) གོང་ཤིན་རྩེད་མོའི་ཅ་ལག་བཟོ་ཚོང་ཁང་གི་ལས་བྱེད་པ་བརྒྱ་ཕྲག་མང་པོས་ལས་བྱེད་པར་ཁ་གསབ་དང་སྤྱི་ཚོགས་འགན་སྲུང་གི་ཐོབ་ཆ་མ་སྤྲད་པར་བརྟེན་བཟོ་གྲྭ་སྒོ་བརྒྱབ་རྗེས་ལས་མཚམས་བཞག་ཡོད།

ཨ་རིའི་མ་འཛུགས་དངུལ་ཁང་གྷོལ་མན་སེ་ཀས་ (Goldman Saches) ཀྱི་དབྱེ་ཞིབ་པ་ཚོས། ཨ་རིས་སྒོ་ཁྲལ་རྐྱེན་གྱིས་རྒྱ་ནག་གི་བཟོ་གྲྭ་ཁག་ནང་ཉུང་མཐར་ལས་ཀའི་རྣམ་གྲངས་ས་ཡ་ ༡༦ ལ་ཉེན་ཁ་བྱུང་ཡོད་པའི་དཔག་བྱེད་ཀྱི་ཡོད་ལ། ཨ་རིའི་སྒོ་ཁྲལ་གྱིས་རྒྱ་ནག་དཔལ་འབྱོར་ཡར་རྒྱས་འགྲོ་བར་འགོག་རྐྱེན་ཆེན་པོ་བཟོ་ངེས་ཡིན་པ་གསུངས་འདུག

དེ་འབྲེལ་ཕྱི་ལོ་ ༡༩༨༩ ལོའི་གནམ་སྡེ་སྒོ་མོ་ཆེའི་ངོ་རྒོལ་ཆེན་པོའི་འགོ་ཁྲིད་མཁན་གྱི་སློབ་ཕྲུག་འགོ་ཁྲིད་གྲས་སུ་ཡོད་པའི་ལས་འགུལ་བ་ (Ji Feng) ཇི་ཕེང་གིས། ཉེ་ཆར་རྒྱ་ནག་གི་ཚོང་གཉེར་བ་ཁག་ཅིག་ཐུགས་སྐབས་མང་པོས་ཚོང་དང་མ་དངུལ་མེད་པས་དཀའ་ངལ་འཕྲད་སྐོར་ཤོད་ཀྱི་ཡོད་པ་མ་ཟད། ལས་བྱེད་ལ་དངུལ་སྤྲོད་དགོས་པ་དང་དཔལ་འབྱོར་གྱི་གནས་སྟངས་འདིར་ལྷུང་པ་ལས་བཙོན་ཁང་དུ་འགྲོ་ན་ལེགས་པ་ཡོད་སྐོར་བཤད་ཡོད་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ཡོད།

དེ་དང་ཆབས་ཅིག་ཁོང་གིས་མུ་མཐུད་ལས་ཀ་བྱེད་མཁན་ཚོས་ངོ་རྒོལ་བྱེད་པ་ནི་གསར་པ་མིན་པ་དང་། ཏོག་དབྱིབས་ནད་ཡམས་བྱུང་བ་ནས་རྒྱ་ནག་གི་དཔལ་འབྱོར་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པས་ངོ་རྒོལ་བྱེད་མཁན་ཡང་མང་དུ་ཕྱིན་ཡོད་པ་འགྲེལ་བརྗོད་གནང་གི་འདུག

ཨ་རིའི་རང་དབང་ཁང་པའི་ཉམས་ཞིབ་ལ་གཞིགས་ན། ཕྱི་ལོ་ ༢༠༢༤ ལོའི་དུས་ཚིགས་གསུམ་པའི་ནང་རྒྱ་ནག་ནང་གི་ངོ་རྒོལ་མང་ཆེ་བ་ནི་ལས་མིའི་སྣེ་ཁྲིད་པ་ཡིན་པ་དང་། ངོ་རྒོལ་དེ་དག་ནང་ནས་བཞི་ཆ་གསུམ་ཙམ་ནི་དཔལ་འབྱོར་གྱི་དཀའ་ངལ་དང་འབྲེལ་བ་ཡོད་པ་གསལ་སྟོན་གནང་ཡོད་པ་རེད། །

གསར་འགོད་པ། བསྟན་འཛིན་ནོར་འཛོམས།

རྩོམ་སྒྲིག་པ། བསྟན་འཛིན་པདྨ། 

དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎