བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག

2025.05.01
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག ཨ་རིའི་ (Capitol Hill) དུ་རྒྱ་ནག་དམར་ཤོག་ཚོགས་པའི་འདེམས་སྒྲུག་ཚོགས་ཆུང་གི་ཚོགས་མི་དང་ལྷན་མཇལ་འཕྲད་ཀྱིས་བཀའ་བསྡུར་གནང་སྐབས། ༢༠༢༥།༠༤།༣༠ ཉིན།
Photo: RFA

ཟླ་ ༤ ཚེས་ ༣༠ ཉིན་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ཨ་རིའི་རྒྱལ་ས་ལྦ་ཤིང་ཀྲོན་ནང་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ། ཨ་རིའི་ (Capitol Hill) དུ་རྒྱ་ནག་དམར་ཤོག་ཚོགས་པའི་འདེམས་སྒྲུག་ཚོགས་ཆུང་གི་ཚོགས་མི་དང་ལྷན་མཇལ་འཕྲད་ཀྱིས། རྒྱ་ནག་གཞུང་གི་སྲིད་བྱུས་འོག་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་དང་ཨ་རིའི་སྲིད་གཞུང་གསར་པས་ཉེ་ལམ་མ་དངུལ་མཚམས་འཇོག་གནང་བའི་གནད་དོན་སོགས་ཀྱི་སྐོར་ལ་བཀའ་བསྡུར་གནང་འདུག

thumbnail_IMG_2413.jpg
སྲིད་སྐྱོང་མཆོག་དང་ཨ་རིའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་ (Brian Mast) རྣམ་གཉིས་ཐུག་འཕྲད་སྐབས། ༢༠༢༥།༠༤།༣༠ ཉིན།

གཞན་ཡང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ཕྱི་ལོ་ ༢༠༢༥ ཟླ་བ་ ༤ ཚེས་ ༢༦ ཉིན་ནས་འགོ་འཛུགས་ཀྱིས། ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་གཙོས་པའི་གནད་ཡོད་མི་སྣ་ཁག་གཅིག་དང་མཇལ་འཕྲད་གནང་ཡོད་ཅིང་། སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་ (Brian Mast) ལགས་དང་གྲོས་ཚོགས་འོག་མའི་འཐུས་མི་ (Michael McCaul) ལགས་རྣམ་གཉིས་མཇལ་འཕྲད་སྐབས། ད་ལྟའི་འཛམ་གླིང་འདིའི་ཐོག་ཆབ་སྲིད་ཀྱི་འགྱུར་ལྡོག་ལ་གཞིགས་པའི་བོད་དོན་ལ་གཏན་འཇགས་དང་། སྒྲོམ་གཞི་ལྡན་པའི་རྒྱབ་སྐྱོར་དགོས་གལ་ཆེ་བའི་སྐོར་ནན་བརྗོད་གནང་ཡོད་པ་དང་སྦྲགས། ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ཞིག་བསྐོ་བཞག་དགོས་པའི་གནད་དོན་དང་འབྲེལ། བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་རྒྱུ་ནི་ཐབས་བྱུས་ཀྱི་ཐོག་ནས་གནད་འགག་ཅིག་དང་། དེ་ཡང་ཐད་ཀར་ཨ་རིའི་་ཕྱི་སྲིད་དྲུང་ཆེའི་ཁྱབ་ཁོངས་སུ་འཇོག་དགོས་པའི་འབོད་སྐུལ་ཞུས་འདུག

གཞན་ཡང་སྲིད་སྐྱོང་མཆོག་གིས་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་དང་། ཨ་རིའི་རླུང་འཕྲིན་ཁང་། རྒྱལ་ཡོངས་མང་གཙོ་ཁྱབ་སྤེལ་བསྟི་གནས་ཁང་བཅས་ལ་མ་དངུལ་མཚམས་འཇོག་ལ་བརྟེན་ནས་འཕྲད་བཞིན་པའི་དཀའ་ངལ་སྐོར་ལ་སྙན་སེང་ཞུས་ཏེ། སྒྲིག་འཛུགས་དེ་དག་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་བོད་དོན་དྲིལ་བསྒྲགས་ཆེད་གནད་འགག་ཅན་ཞིག་ཡིན་སྐོར་ངོ་སྤྲོད་གནང་ཡོད་པ། ཟླ་ ༥ ཚེས་ ༡ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་གནས་ཐོག་སྤེལ་འདུག

སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་མཆོག་ལ་དམིགས་སུ། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་འགྲེལ་བརྗོད་གནང་ཐོག བོད་མཐོ་སྒང་གི་ས་ཁམས་ཆབ་སྲིད་ཀྱི་གལ་གནད་དང་། དེ་བཞིན་ཉེ་ལམ་ཨ་རིའི་སྲིད་གཞུང་གསར་པས་སྔོན་རྩིས་གཅོག་པའི་རྐྱེན་གྱིས་བཙན་བྱོལ་བོད་མིའི་སྲ་བརྟན་གྱི་ལས་གཞི་ཁག་ལ་ཤུགས་རྐྱེན་ཇི་བྱུང་སྐོར་འགྲེལ་བརྗོད་གནང་ཞིང་། བྷི་རེན་མ་སི་མཆོག་ལ་འདི་ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གོ་སྟོན་གྱི་མཛད་སྒོར་མགྲོན་འབོད་གནང་ཡོད་པ་རེད་འདུག

གཞན་ཡང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིའི་ནང་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ། ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ (Jacky Rosen) ལགས་དང་གྲོས་ཚོགས་འོག་མའི་འཐུས་མི་ (Young Kim) ལགས། གྲོས་ཚོགས་འཐུས་མི་ (Mario Diaz-Balart) ལགས། གྲོས་ཚོགས་འཐུས་མི་ (Jan Schakowsky)། ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་ (Nancy Pelosi) ལགས་དང་། དེ་བཞིན་ཨ་རིའི་རྒྱལ་ཡོངས་མང་གཙོ་ཁྱབ་སྤེལ་བསྟི་གནས་ཁང་ (NED) གི་ཚོགས་གཙོ་ཌེ་མོན་ཝིལ་སོན་Damon Wilsonལགས་བཅས་ཨ་རིའི་གནད་ཡོད་མི་སྣ་ཁག་གཅིག་དང་མཇལ་འཕྲད་ཀྱིས། བོད་དོན་ཞུ་གཏུག་གནང་ཡོད་པ་རེད་འདུག





བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎