བཞུགས་སྒར་གཙོས་ས་གནས་གང་སར་འཛམ་གླིང་ཁོར་ཡུག་གི་ཉིན་མོ་སྲུང་བརྩི་གནང་འདུག

2024.06.05
བཞུགས་སྒར་གཙོས་ས་གནས་གང་སར་འཛམ་གླིང་ཁོར་ཡུག་གི་ཉིན་མོ་སྲུང་བརྩི་གནང་འདུག བཞུགས་སྒར་རྡ་རམ་སཱ་ལའོ་ཁུལ་དུ་འཛམ་གླིང་ཁོར་ཡུག་གི་ཉིན་མོ་སྲུང་བརྩི་གནང་སྐབས། ༠༦།༠༥།༢༠༢༤
RFA/Dhasa

ཟླ་བ་འདིའི་ཕྱི་ཚེས་༥་ཉིན་ནི་འཛམ་གླིང་ཁོར་ཡུག་གི་ཉིན་མོ་ཡིན་པ་དང་། བོད་ཀྱི་བུད་མེད་ལྷན་ཚོགས་དང་། བོད་ཀྱི་རྩོད་རྙོག་འདུམ་སྒྲིག་ལྟེ་གནས་ཁང་། དེ་བཞིན་རྒྱ་གར་གྱི་འཕྲོད་བསྟེན་དང་ཁོར་ཡུག་དང་འབྲེལ་བའི་ཚོགས་སྡེ་ཁག་བཅས་འཕགས་བོད་གཉིས་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་ལྔ་ཐུན་མོང་གིས་གོ་སྒྲིག་འོག་བཞུགས་སྒར་ཁུལ་དུ་ཉིན་དེར་ཞོགས་པ་ཁོར་ཡུག་གཙང་བཟོ་དང་འབྲེལ་ཕྱི་དྲོ་ཁོར་ཡུག་དང་འབྲེལ་བའི་འཁྲབ་སྟོན་སོགས་གནང་ཏེ་འཛམ་གླིང་ཁོར་ཡུག་ཉིན་མོ་སྲུང་བརྩི་ཞུས་གནང་ཡོད་པ་དང་། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཁོར་ཡུག་ཚན་པའི་ལས་བྱེད་པ་པད་མ་ཆོས་སྒྲོན་ལགས་ཀྱིས། ད་ལན་ས་གནས་སུ་ཁོར་ཡུག་སྲུང་སྐྱོབ་ཀྱི་བརྗོད་གཞི་དེ་ནི་(our land our future)་ཞེས་ང་ཚོའི་ས་གཞི་དང་ང་ཚོའི་མ་འོངས་ཞེས་པ་ཡིན་ཞིང་། དེ་ནི་ང་ཚོའི་མི་རབས་འདིས་ཁོར་ཡུག་ལ་བདག་གཅེས་སྲུང་སྐྱོབ་བྱས་ཏེ་མ་འོངས་བའི་མི་རབས་རྗེས་མ་རྣམས་ལ་རྩིས་སྤྲོད་ཐུབ་པ་འགན་འཁུར་ལེན་རྒྱུ་དེ་ཡིན་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
ད་དུང་ཁོང་གིས། ད་ལན་ལས་འགུལ་འདི་སྤེལ་བ་བརྒྱུད་དེ་བོད་ནང་རྒྱ་གཞུང་གིས་ཆུ་རགས་གསར་རྒྱག་དང་འབྲོག་པ་གནས་སྤོར། དེ་བཞིན་གཏེར་ཁ་སྔོག་འདོན་སོགས་ལས་གཞི་འདྲ་མིན་སྤེལ་བའི་རྐྱེན་གྱིས་བོད་ནང་ཁོར་ཡུག་དང་གནམ་གཤིས་འགྱུར་ལྡོག་གི་རྐྱེན་པས་འཛམ་སྤྱི་དང་། ལྷག་པར་དུ་ལྷོ་ཤར་ཨེ་ཤེ་ཡའི་རྒྱབ་ཁབ་ཁག་ནང་ཤུགས་རྐྱེན་དང་དོ་ཕོག་ཤུགས་ཆེ་ཐེབས་ཀྱི་ཡོད་དུས། བོད་ཀྱི་ཁོར་ཡུག་དེ་བདག་གཅེས་སྲུང་སྐྱོབ་བྱ་རྒྱུ་གལ་ཆེན་པོ་ཡིན་པའི་ནན་བརྗོད་གནང་སོང་།
ཉིན་དེར་རྒྱ་གར་ལྷོ་ཕྱོགས་སྦེ་ལ་ཀོ་པི་ས་གནས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་ས་གནས་ཀྱི་སློབ་གྲྭ་ཁག་དྲུག་གི་ནང་ཤིང་སྣ་འདྲ་མིན་དང་མེ་ཏོག་འདྲ་མིན་འདེབས་འཛུགས་གནང་ཆེད་བགོས་འགྲེམས་གནང་ཡོད་པ། སྦེ་ལ་ཀོ་པི་ས་གནས་བོད་ཀྱི་བེུད་ལྷན་ཚོགས་ཀྱི་ཚོགས་གཙོ་ཉི་མ་སྲིད་གཅོད་དམ་དགེ་འདུན་ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་བྱུང་། ཕྱོགས་མཚུངས་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་དང་། ཧོན་སུར་རབ་རྒྱས་གླིང་ས་གནས་བོད་ཀྱི་བེུད་ལྷན་ཚོགས་ཀྱི་གཉིས་ཀྱི་རྒྱུན་ལས་རྣམ་པས་ས་གནས་སོ་སོའི་ནང་གི་མི་མང་འདུ་འཛོམས་ཆེ་ས་ཁག་གི་ནང་མི་མང་འཕྲོད་བསྟེན་དང་འབྲེལ་བའི་ཁོར་ཡུག་གཙང་བཟོའི་ལས་འགུལ་སྤེལ་ཏེ་འཛམ་གླིང་ཁོར་ཡུག་གི་ཉིན་མོ་སྲུང་བརྩི་ཞུས་གནང་ཡོད་པ་དང་། ལ་དྭགས་ཕྱོགས་སུ་ཡང་འཛམ་གླིང་ཁོར་ཡུག་གི་ཉིན་མོ་སྲུང་བརྩི་གནང་འདུག
འཛམ་གླིང་ཁོར་ཡུག་གི་ཉིན་མོ་དེ་ནི་རྒྱལ་སྤྱིའི་ཁོར་ཡུག་གི་ཉིན་མོ་གལ་ཆེ་ཞིག་ཡིན་པ་དང་། དེ་ནི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོར་ཡུག་ཚན་པའི་ལས་འཆར་འོག་ཕྱི་ལོ་༡༩༧༣་ལོར་ཐོག་མར་སྲུང་བརྩི་ཞུ་འགོ་བཙུགས་པ་ནས་བཟུང་། ལོ་ལྟར་སྲུང་བརྩི་ཞུ་གི་ཡོད་ཅིང་དེ་ནི་གོ་ལའི་ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་བའི་གླེང་སྟེགས་ཆེ་ཤོས་ཤིག་ཡིན་པ་རེད།།


གསར་འགོད་པ། པདྨ་དངོས་གྲུབ།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎