བསོད་ནམས་དབང་ཕྱུག་ལགས་ཀྱིས་ལ་དྭགས་ཡུལ་གྱི་ཁོར་ཡུག་སྲུང་སྐྱོབ་ཆེད་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ་འདུག

2023.02.01
བསོད་ནམས་དབང་ཕྱུག་ལགས་ཀྱིས་ལ་དྭགས་ཡུལ་གྱི་ཁོར་ཡུག་སྲུང་སྐྱོབ་ཆེད་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ་འདུག ལ་དྭགས་ཡུལ་གྱི་ཁོར་ཡུག་ལས་འགུལ་བ་སྐུ་ཞབས་བསོད་ནམས་དབང་ཕྱུག་ལགས། དཀྱིལ། ༠༢།༠༡།༢༠༢༣
འཕྲིན་ལས་ཆོས་སྒྲོན།/RFA

ལ་དྭགས་ཡུལ་གྱི་ཁོར་ཡུག་ལས་འགུལ་བ་སྐུ་ཞབས་བསོད་ནམས་དབང་ཕྱུག་ལགས་ཀྱིས། ཧི་མ་ལ་ཡའི་རི་རྒྱུད་གཙོས་ལ་དྭགས་སུ་ཆགས་པའི་ཧིན་རྡུ་ཀུཤ་རི་རྒྱུད་ཁུལ་གྱི་འཁྱགས་རོམ་ཇེ་ཉུང་དུ་འགྲོ་བཞིན་བའི་ཉེན་ཁ་ཡོད་པར་བརྟེན། རྒྱ་གར་གཞུང་གིས་ལ་དྭགས་ས་གནས་དེ་བཞིན་སྲུང་སྐྱོབ་ཆེད་རྒྱ་གར་གྱི་རྩ་ཁྲིམས་ལེའུ་དྲུག་པའི་ནང་ཚུད་ཐབས་སུ། སྤྱི་ཟླ་དང་པོའི་ཚེས་༢༦ཉིན་ནས་ཚེས་༣༠བར་ཁྱོན་ཉིན་གྲངས་༥རིང་ལ་དྭགས་ཕྱི་དབང་ཡུལ་དུ་དགུན་དུས་ནམ་གཤིས་གྲང་ཚད་ཀླད་ཀོར་འོག་གི་ཚད་༢༠ཡིན་པའི་ཁྲོད་ཟས་བཅས་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་དང་། ལས་འགུལ་དེར་ལ་དྭགས་མི་མང་ཚོས་ཀྱང་རྒྱབ་སྐྱོར་ཤུགས་ཆེ་གནང་ཡོད་པ་རེད།
སྐུ་ཞབས་བསོད་ནམས་དབང་ཕྱུག་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུང་ན། ལ་དྭགས་ས་གནས་དེ་བཞིན་སྤྱི་ལོ་༢༠༡༩ལོར་ཇ་མུ་ཀཤ་མིར་དང་ཁ་བྲལ་ནས་གཙོ་གཞུང་མངའ་སྡེ་ལོགས་སུ་ཆགས་ཡོད་ཀྱང་། ལ་དྭགས་རྒྱ་གར་གྱི་རྩ་ཁྲིམས་ལེའུ་དྲུག་པའི་ནང་མ་ཚུད་པའི་རྐྱེན་གྱིས་ཁོར་ཡུག་སྲུང་སྐྱོབ་ལ་དཀའ་ངལ་འཕྲད་བཞིན་པ་དང་། ད་ཐེངས་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ་ནས་གཙོ་བོ་རྒྱ་གར་གཞུང་ལ་ད་ལྟ་ལ་དྭགས་སུ་གངས་རིའི་འཁྱགས་རོམ་ཉུང་དུ་འགྲོ་བཞིན་པའི་ཉེན་ཁ་དེ་སེལ་ཐབས་སུ། ལ་དྭགས་ཡུལ་གྱི་ཁོར་ཡུག་སྲུང་སྐྱོབ་ཡོང་བར་རེ་བ་བྱེད་བཞིན་པ་དང་། དགོས་འདུན་གཙོ་བོ་ཞིག་ནི། རྒྱ་གར་གཞུང་གིས་ལ་དྭགས་ས་གནས་དེ་རྒྱ་གར་གྱི་རྩ་ཁྲིམས་ལེའུ་༦པའི་ནང་འཇུག་པའི་རེ་སྐུལ་བྱེད་བཞིན་ཡོད། རྒྱ་གར་གྱི་རྩ་ཁྲིམས་ལེའུ་༦པ་དེའི་ནང་། རྒྱ་གར་གྱི་ས་གནས་གང་ཡིན་ལ་མ་བལྟོས་བར་གང་ཟག་ཞིག་ཡུལ་འདིའི་ནང་སྐྱེས་པའི་མི་འབོར་བརྒྱ་ཆ་༥༠ལྷག་ཡོད་ཚེ་ས་གནས་ཀྱི་མི་རང་ནས་འཛིན་སྐྱོང་བྱེད་ཐུབ་པའི་དབང་ཆ་ཡོད་པ་རྒྱ་གར་རྩ་ཁྲིམས་ཀྱི་ལེའུ་དྲུག་པའི་ནང་ཡོད་འདུག
ལ་དྭགས་ཡུལ་དུ་མེས་པོའི་དུས་རབས་ནས་ས་གནས་སུ་ཡུལ་མི་རྣམས་ཀྱི་འཐུང་ཆུ་དེ་གཙོ་བོ་གངས་ཆུ་བརྟེན་གྱི་ཡོད་པ་དང་། ལ་དྭགས་ཟངས་དཀར་ས་གནས་སུ་ཀུ་མིག་དང་། ལ་དྭགས་རྒྱལ་ས་གླེའི་ཉེ་འཁོར་དུ་ཡོད་པའི་ཀུ་ལུམ་ལ་གངས་ཉུང་དུ་སོང་བ་དང་གངས་ཆུ་སྐམ་པ་བཅས་ལ་བརྟེན་ཡུལ་མི་རྣམས་ས་ཆ་གཞན་དུ་གནས་སྤོར་དགོས་པ་བྱུང་འདུག
བསོད་ནམས་དབང་ཕྱུག་ལགས་ཀྱིས་གསུང་ན། ཧི་མ་ལ་ཡའི་རི་རྒྱུད་བཞིན་བོད་དུ་ཡང་རྒྱ་ནག་གིས་བཟོ་གྲྭ་མང་པོ་བཙུགས་པ་དང་། གཏེར་ཁ་མང་པོ་སྔོག་པ། རྒྱུག་ཆུ་མང་པོ་ཁ་བསྒྱུར་བྱས་ནས་བོད་གཙོ་བའི་ཨེ་ཤེ་ཡའི་རྒྱལ་ཁབ་མང་པོ་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད་པ་འགྲེལ་བརྗོད་གནང་བྱུང་།
ཚེས་༣༡ཉིན་ལ་དྭགས་ཀྱི་རྒྱལ་ས་གླེ་རུ་ཆོས་ཚོགས་ཚང་མ་མཉམ་འཛོམས་འོག་སྐུ་ཞབས་བསོད་ནམས་དབང་ཕྱུག་ལགས་ཀྱི་ལས་འགུལ་ལ་རྒྱབ་སྐྱོར་དང་ཐུགས་རྗེ་ཆེ་ཞུ་བ་དང་། ལ་དྭགས་མི་མང་སྟོང་ཕྲག་ལྷག་འཛོམས་ནས་ལ་དྭགས་ཡུལ་གྱི་ཁོར་ཡུག་སྲུང་སྐྱོབ་དགོས་པའི་ལས་འགུལ་སྤེལ་ཡོད་པ་རེད།

sonam wangchuk ladakh.JPG
སྐབས་དེར་མི་རྒྱུད་དཔྱད་རིག་ནང་རིགས་ཅིག་རྐང་འཛིན་གྱི་སློབ་སྦྱོང་གནང་བཞིན་པ་པད་མ་རིག་འཛིན་ལགས་ཀྱིས། གནམ་གཤིས་འགྱུར་ལྡོག་གིས་མིའི་སྤྱི་ཚོགས་ཅིག་པོ་མ་ཡིན་པར་རི་དྭགས་སེམས་ཅན་མང་པོ་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད། དེ་བས་ལ་དྭགས་ས་གནས་འདྲ་མིན་དུ་རི་དྭགས་ཀྱི་ཉིན་རེའི་འཚོ་བར་འགྱུར་བ་འགྲོ་བཞིན་ཡོད་པ་དང་། དེ་བཞིན་འབྲོག་པ་མང་པོའི་འཚོ་བར་ཤུགས་རྐྱེན་ཐེབས་ཀྱི་ཡོད། ལ་དྭགས་སྲུང་སྐྱོབ་ཆེད་མི་སྒེར་བས་ལས་འགུལ་སྤེལ་བ་ཙམ་མིན་པར། གཙོ་བོ་རྒྱ་གར་གཞུང་གི་རྩ་ཁྲིམས་ཀྱི་ཐོག་ནས་སྲུང་སྐྱོབ་བྱུང་ཚེ་ལམ་ལུགས་ལྡན་པ་དང་གོ་རིམ་ལྡན་པའི་འགྱུར་བ་ཡོད་བའི་རེ་བ་ཡོད་པ་གསུངས་བྱུང་།
ཁོར་ཡུག་སྲུང་སྐྱོབ་ལས་འགུལ་པ་བསོད་ནམས་དབང་ཕྱུག་ལགས་དེ་སྔོན་༢༠༢༢ལོར། བཞུགས་སྒར་རྡ་རམ་ས་ལར་གོ་ལའི་ཉིན་མོ་དང་བསྟུན་ཁོར་ཡུག་གི་ཚོགས་འདུ་ཞིག་ཚོགས་པའི་སྐབས། རྒྱ་གར་ལ་དྭགས་སུ་བཅོས་མའི་འཁྱགས་རོམ་གསར་བསྐྲུན་དང་། གནམ་གཤིས་འགྱུར་ལྡོག་ལ་དོ་སྣང་སླེབས་ཕྱིར་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དྲུང་དུ་ལ་དྭགས་མཁར་མདོང་ལ་ནས་འཁྱགས་རོམ་ཕུལ་ཡོད་པ་དང་། ༢༠༡༣ལོར་ལ་དྭགས་ས་ཁུལ་དུ་ཆུ་ཡི་དཀའ་ངལ་སེལ་ཐབས་ཀྱི་ཆེད་དུ་གངས་རིའམ་མིས་བཟོས་འཁྱགས་རོམ་བསྐྲུན་གནང་བའི་ལས་གཞི་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་འཆར་གསར་གཏོད་གནང་ཡོད་པ་རེད།


གསར་འགོད་པ། འཕྲིན་ལས་ཆོས་སྒྲོན།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎