རྒྱ་ནག་གི་ཚན་རིག་པའི་སྙན་ཐོ་དེ་གནས་ཚུལ་འཁྱོག་བཤད་ལ་དམིགས་ནས་བཏོན་ཡོད་པ་གསལ་སྟོན་བྱས་འདུག
དེ་ཡང་རྒྱ་ནག་གི་ཚན་རིག་པ་ཚོས་བོད་ཀྱི་ཁོར་ཡུག་དང་འབྲེལ་བའི་སྙན་ཐོ་ཞིག་འདོན་སྤེལ་བྱས་ནས། བོད་ནང་གཏེར་ཁ་སྔོག་འདོན་དང་ཡུལ་སྐོར་སྤྲོ་འཆམ། དེ་བཞིན་འཆར་འགོད་ཀྱི་ལས་གཞི་ཆེ་ཁག་སྤེལ་བ་ཁག་གིས་བོད་མཐོ་སྒང་གི་ཁོར་ཡུག་ལ་ཤུགས་རྐྱེན་ཉུང་ཉུང་མ་གཏོགས་ཐེབས་ཀྱི་མེད་སྐོར་བཀོད་ཡོད་པ་རེད། དེའི་ཐད་(Tibet Rights Collective)་ཞེས་བོད་ཀྱི་ཐོབ་ཐང་ཞེས་པའི་ཞིབ་འཇུག་ཚོགས་པས། རྒྱ་ནག་གི་ཚན་རིག་པ་ཚོས་བཏོན་པའི་གོང་ཞུས་སྙན་ཐོ་དེ་ནི་གཙོ་བོ་གནས་ཚུལ་ལོག་པ་ཁྱབ་སྤེལ་བྱ་རྒྱུ་དང་། དངོས་བདེན་གནས་ཚུལ་ཁག་འཁྱོག་བཤད་བྱ་རྒྱུའི་དམིགས་ཡུལ་བཟུང་ནས་བཏོན་པ་ཞིག་ཡིན་པ་མ་ཟད། སྙན་ཐོའི་ནང་བོད་ནང་གཏེར་ཁ་སྔོག་འདོན་གཙོས་པའི་ལས་གཞི་ཁག་གིས་བོད་ཀྱི་ཁོར་ཡུག་ལ་གནོད་སྐྱོན་ཚབས་ཆེ་ཐེབས་བཞིན་པ་ཁག་མངོན་གསལ་མེད་པ་བཟོ་ཐབས་བྱས་པ་ཞིག་ཡིན་སྟབས། སྙན་ཐོ་དེར་དོགས་ཟོན་ཆེན་པོའི་སྒོ་ནས་ལྟ་དགོས་པ་ཞིག་ཡིན་པའི་དཔྱད་པ་གནང་འདུག
ད་དུང་སྙན་ཐོ་དེ་ནི་ལོག་བཤད་ལ་ལོག་འགྲེལ་ཡིན་པ་མ་ཟད། རང་དབང་ཅན་གྱི་རྒྱལ་སྤྱིའི་ཁོར་ཡུག་ཐད་མཁས་པ་རྣམ་པས་དཔང་རྟགས་ར་སྤྲོད་གསལ་པོ་བྱས་ནས་བཏོན་པའི་སྙན་ཐོ་འདོན་སྤེལ་གནང་བ་ཁག་གི་ལྡོག་ཕྱོགས་ནས་བཤད་ཡོད་པ་གོང་ཞུས་ཞིབ་འཇུགས་ཚོགས་པ་དེས་འགྲེལ་བརྗོད་གནང་འདུག
གོང་ཞུས་སྙན་ཐོ་དེ་ནི་རྒྱ་ནག་སྤྱི་ཚོགས་ཚན་རིག་ཁང་གི་འོག་ལ་ཡོད་པའི་བོད་མཐོ་སྒང་གི་ཉམས་ཞིབ་ལྟེ་གནས་ཁང་གི་རྒྱ་རིགས་(Chen Fahu)་ཞེས་པས་སྣེ་ཁྲིད་དེ་ཞིབ་འཇུག་བྱས་པའི་སྙན་ཐོ་ཞིག་ཡིན་པ་དང་། དེའི་ནང་བོད་ནང་ཞིང་ལས་དང་དུད་འགྲོ་གསོ་སྐྱོང་། ཡུལ་སྐོར་སྤྲོ་འཆམ་དང་གཏེར་ཁ་སྔོག་འདོན་གྱི་ལས་གཞི་རྒྱ་བསྐྱེད་བཏང་བ། གྲོང་ཁྱེར་ཅན་དུ་བསྒྱུར་རྒྱུའི་ཨར་པོ་གསར་རྒྱག་བྱས་པ། དེ་བཞིན་འཆར་འགོད་ཀྱི་ལས་གཞི་ཆེ་ཁག་གིས་བོད་ཀྱི་ཁོར་ཡུག་ལ་གནོད་སྐྱོན་ཉུང་ཤས་ལས་འགྲོ་རྒྱུ་མིན་ལུགས་བཤད་པ་མ་ཟད། ད་དུང་རྒྱ་ནག་རྒྱལ་ཡོངས་དང་བརྩིས་པ་ཡིན་ན། བོད་ནང་གཏེར་ཁ་སྔོག་འདོན་ལ་སོགས་པའི་མིའི་བྱེད་སྒོ་བརྒྱ་ཆ་༢༧ལས་མང་དུ་ཕྱིན་མེད་ལུགས་ཀྱང་བཤད་འདུག
འཇིག་སླ་བའི་བོད་མཐོ་སྒང་དེ་ནི། འཛམ་གླིང་ས་ཡི་ཡང་ཐོག་ཅེས་འབོད་སྲོལ་ཡོད་པ་ལྟར། འདས་པའི་ལོ་མང་རིང་རྒྱ་ནག་གཞུང་གིས་བོད་ནང་དྲག་པོའི་བཙན་འཛུལ་གྱིས་བཙན་བཟུང་བྱས་པ་ནས་བཟུང་། ནགས་ཚལ་གཅོད་འབྲེག་དང་གཏེར་ཁ་ཚོད་མེད་སྔོག་འདོན་སོགས་རྒྱུན་གནས་མ་ཐུབ་པའི་ཡར་རྒྱས་ཀྱི་ལས་གཞི་མང་དག་སྤེལ་བའི་རྐྱེན་གྱིས་བོད་ཀྱི་རྩྭ་ཐང་ཁག་ཉམས་པ་དང་སྐྱེས་ལྡན་སྲོག་ཆགས་མང་པོ་རྩ་མེད་ཕྱིན་པ།་དེ་བཞིན་ཆུ་ལོག་དང་ས་རུད་སོགས་རང་བྱུང་འབྱུང་བའི་རྐྱེན་ངན་མང་པོ་བྱུང་བཞིན་ཡོད་པ་རེད།
གསར་འགོད་པ། སེང་གེ་རི་བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།