ཨ་རིའི་གྲོས་ཚོགས་གོང་མས་ཐེ་ཝན་ལ་ཨ་སྒོར་དུང་ཕྱུར་བརྒྱ་ཐམ་པའི་དམག་དོན་རོགས་སྐྱོར་སྤྲོད་རྒྱུར་མོས་མཐུན་བྱས་འདུག
ཨ་རིའི་གྲོས་ཚོགས་གོང་མས། ཟླ་འདིའི་ཚེས་༡༥ཉིན་ཕྱི་ལོ་༢༠༢༣ལོའི་ལོ་འཁོར་ནོར་སྲིད་དངུལ་རྩིས་ཐད་ཀྱི་༼རྒྱལ་སྲུང་བཀའ་འཁྲོལ་ཁྲིམས་གཞིར་༽གྲོས་མོལ་སྐབས་མི་གྲངས་༨༣ཀྱིས་རྒྱབ་སྐྱོར་དང་མི་གྲངས་༡༡གིས་ངོ་རྒོལ་གྱི་འོས་ཤོག་འཕངས་ཏེ། ཨ་རིའི་གཞུང་གིས་མ་འོངས་པའི་ལོ་ལྔའི་ནང་ཐེ་ཝན་ལ་ཁྱོན་བསྡོམས་ཨ་སྒོར་དུང་ཕྱུར་བརྒྱ་ཐམ་པའི་རོགས་སྐྱོར་སྤྲོད་རྒྱུར་མོས་མཐུན་གནང་ཡོད་པ་དང་། ཁྲིམས་གཞི་དེར་སྲིད་འཛིན་གྱིས་མཚན་རྟགས་བཀོད་མ་ཐག་ཁྲིམས་ལྟར་ལག་བསྟར་བྱེད་ངེས་རེད།
གོང་ཞུས་བཀའ་འཁྲོལ་ཁྲིམས་གཞི་དེ་ནི། ཕྱི་ལོ་༢༠༢༣ལོ་ནས་ཕྱི་ལོ་༢༠༢༧བར་ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་ཕྱི་རྒྱལ་གྱི་དམག་དོན་དངུལ་རྩིས་ཏེ་(FMF)་ལས་འཆར་བརྒྱུད། ལོ་རེར་ཐེ་ཝན་ལ་ཆེས་མང་ན་ཨ་སྒོར་དུང་ཕྱུར་༢༠རིན་མེད་དམག་དོན་རོགས་སྐྱོར་གནང་རྒྱུ་དང་། དེ་མིན་གཞན་ཐེ་ཝན་ལ་ཆེས་མང་ན་ཨ་སྒོར་དུང་ཕྱུར་༢༠འི་(FMF)་དངུལ་བུན་གཡར་རྒྱུ་དེ་གཡར་བུན་མ་དངུལ་གྱི་དུས་ཡུན་ལོ་༡༢ཡིན་འདུག
དེ་བཞིན་སྤྱིའི་མ་དངུལ་ཨ་སྒོར་དུང་ཕྱུར་༨༥༨༠ཡོད་པའི་ཕྱི་ལོ་༢༠༢༣ལོའི་ནོར་སྲིད་དངུལ་རྩིས་༼རྒྱལ་སྲུང་བཀའའཁྲོལ་ཁྲིམས་གཞི༽དེར་ཟླ་བ་འདིའི་ཚེས་༨ཉིན་ཨ་རིས་གྲོས་ཚོགས་མའི་ནང་མོས་མཐུན་བྱུང་བ་དང་། ཡང་གོང་ཞུས་བཞིན་འདི་༡༥ཉིན་ཨ་རིའི་གྲོས་ཚོགས་གོང་མའི་ནང་མོས་མཐུན་བྱུང་བ་བཞིན། ཨ་རིའི་སྲིད་འཛིན་འཇཱོ་སྦཡེ་ཌེན་གྱིས་མཚན་རྟགས་བཀོད་ཏེ་ཁྲིམས་ལྟར་ལག་ལེན་བྱེད་པར་ངང་སྒུག་བྱེད་བཞིན་འདུག
དེའི་ཐད་ཐེ་ཝན་རྒྱལ་སྲུང་ལྷན་ཁང་གི་མགྲིན་ཚབ་པ་སུང་ལི་ཧྥང་གིས་ལྷག་བསམ་ཟོལ་མེད་ཀྱིས་བཀའ་དྲིན་ཆེ་ཞུས་ཏེ། འབྲེལ་ཡོད་ཐབས་ཇུས་ལས་ཐེ་ཝན་གྱི་དམག་དོན་ཡར་རྒྱས་དང་དེ་བཞིན་རྒྱ་གར་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་རང་དབང་སྒོ་འབྱེད་དང་ཞི་བདེ་བརྟན་ལྷིང་ཐད་རམ་འདེགས་ཕན་ཐོགས་ཡོད་པ་བརྗོད་འདུག
ཐེ་ཝན་དམག་དོན་ཉམས་ཞིབ་པས་འདི་ནི་ཨ་རིས་མཛའ་འབྲེལ་ལྕགས་ལྟར་སྲ་མཁྲེགས་ཀྱི་མནའ་འབྲེལ་ཡུལ་གྲུར་དམིགས་བསལ་གཟིགས་སྐྱོང་གནང་བ་ཡིན་པ་མ་ཟད། ཨ་རིས་ཐེ་ཝན་ནི་བྱང་ཨ་ཐི་ལན་ཌི་ཁི་སྤྱི་ཆིངས་ཁོངས་མ་ཡིན་པའི་རྒྱལ་ཁབ་ཅིག་ལ་དམིགས་བསལ་གནང་བ་དང་། ཨ་རི་དང་ཐེ་ཝན་གྱི་འབྲེལ་ལམ་ཐད་འགྱུར་བ་ཆེན་པོ་ཞིག་ལའང་ངོས་འཛིན་གནང་གི་འདུག
གསར་འགོད་པ། ལྕགས་མོ་འཚོ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།