ཐེ་ཝན་གྱིས་ཨ་རི་ནས་ཨ་སྒོར་ཐེར་འབུམ་མང་པོའི་གོ་མཚོན་ཉོ་འཆར་འདུག

2025.02.18
ཐེ་ཝན་གྱིས་ཨ་རི་ནས་ཨ་སྒོར་ཐེར་འབུམ་མང་པོའི་གོ་མཚོན་ཉོ་འཆར་འདུག ཐེ་ཝན་གྱི་དྲག་པོའི་དམག་དཔུང་གི་དམག་སྦྱོང་ཞིག་གི་སྐབས། ༢༠༢༤།༠༡།༣༡
REUTERS

རྒྱ་ནག་གཞུང་གིས་ཐེ་ཝན་ལ་མུ་མཐུད་དུ་གནོན་ཤུགས་སྤྲོད་བཞིན་པའི་སྐབས་འདིར་ཐེ་ཝན་གྱིས་ཨ་རི་ནས་ཨ་སྒོར་ཐེར་འབུམ་མང་པོའི་གོ་མཚོན་ཉོ་རྒྱུའི་འཆར་གཞི་འདིང་བཞིན་ཡོད་མ་ཟད། ཨ་རིའི་སྲིད་གཞུང་གསར་བའི་ངོས་ནས་རྒྱབ་སྐྱོར་ཐོབ་ཐབས་བྱེད་ཀྱི་ཡོད་པ་གནས་ཚུལ་དེའི་སྐོར་རྒྱུས་མངའ་ཡོད་པའི་མི་སྣས་འགྲེལ་བརྗོད་གནང་འདུག
གནད་དོན་འདིའི་སྐོར་ལ་རྒྱུས་མངའ་ཡོད་པ་མིང་བརྗོད་འདོད་མེད་པའི་ཁུངས་ལྡན་མི་སྣ་གསུམ་གྱིས་རོའུ་ཊར་གསར་ཁང་ལ། ཐེ་ཝན་གྱིས་ཝ་ཤིན་ཀྲོན་དང་མཉམ་དུ་དེའི་སྐོར་གྲོས་མོལ་བྱེད་བཞིན་ཡོད་པ་བརྗོད་འདུག
ཁུངས་ལྡན་མི་སྣ་གཅིག་གིས། གོ་མཚོན་ཉོ་རྒྱུ་འདི་ནི་ཐེ་ཝན་གྱིས་རང་ཉིད་ཀྱི་སྲུང་སྐྱོབ་ཐད་ཆོད་སེམས་བརྟན་པོ་ཡོད་པ་དེ་ཨ་རིར་སྟོན་ཆེད་ཡིན་པ་རེད། ཅེས་གསུངས་འདུག
ཁུངས་ལྡན་མི་སྣ་གཉིས་པས། གོ་མཚོན་ཉོ་ཚོང་དེའི་ནང་ནང་མཚོ་འགྲམ་སྲུང་སྐྱོབ་འཕུར་མདའ་དང་། ཧི་མར་སི་(HIMARS )འཕུར་མདའ་བཅས་ཚུད་ཡོད་པ་དང་། དེ་བཞིན་ཁོང་གིས་མུ་མཐུད་གསུངས་དོན་ལ། གལ་ཏེ་དངུལ་འབོར་ཨ་སྒོར་ཐེར་འབུམ་བརྒྱད་ལས་ཉུང་བ་ཡིན་ན་ང་རང་ཧང་སངས་ས་རེད། དངུལ་འབོར་ཨ་སྒོར་ཐེར་འབུམ་བདུན་ནས་བཅུའི་བར་ཡིན་པ་འདྲ། ཞེས་བརྗོད་འདུག ཡིན་ཡང་། གནད་དོན་དེའི་ཐད་ཨ་རིའི་ཕོ་བྲང་དཀར་པོ་ནས་ལན་འདེབས་གནང་མི་འདུག་ཀྱང་། ཨ་རིའི་རྒྱལ་སྲུང་སློབ་སྟོན་པ་མེཀ་ཝལ་ཙི་ཡིས་(Mike Waltz )ཐེ་ཝན་ལ་གོ་མཚོན་མཁོ་སྤྲོད་བྱ་རྒྱུ་མགྱོགས་སུ་གཏོང་འདོད་ཡོད་པ་བརྗོད་འདུག
ཉེ་ལམ་གཟའ་ཉི་མའི་ཉིན་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་གཞུང་འབྲེལ་དྲྭ་རྒྱའི་ཐོག་ཐེ་ཝན་རང་བཙན་ལ་རྒྱབ་སྐྱོར་བྱེད་ཀྱི་མེད་ཞེས་པའི་ཚིག་བརྗོད་དེ་ཕྱིར་འཐེན་བྱས་པར་ཐེ་ཝན་གཞུང་གིས་བཟང་ཕྱོགས་དང་མཛའ་མཐུན་གྱི་རྣམ་པ་ལྡན་པའི་ཚིག་བརྗོད་ལ་འགྱུར་བ་བཏང་བ་དེར་བསྔགས་བརྗོད་དགའ་བསུ་ཞུས་པ་དང་། དེ་བཞིན་དེ་ནི་ཐེ་ཝན་དང་ཨ་རི་གཉིས་ཀྱི་མཛའ་འབྲེལ་དམ་ཟབ་ཀྱི་རྣམ་པ་མཚོན་གྱི་ཡོད་སྐོར་ཐེ་ཝན་ཕྱི་སྲིད་བློན་ཆེན་གྱིས་བརྗོད་འདུག འོན་ཀྱང་རྒྱ་ནག་གཞུང་གིས་དེ་ལ་སྐྱོན་བརྗོད་དང་དེ་ནི་ནོར་འཁྲུལ་ཞིག་ཡིན་པས་བཟོ་བཅོས་རྒྱག་དགོས་སྐོར་གཟའ་ཟླ་བའི་ཉིན་ཨ་རིར་འབོད་སྐུལ་བྱས་འདུག ད་དུང་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་དྲྭ་རྒྱའི་ཐོག་ཐེ་ཝན་དང་འབྲེལ་བའི་ཚིག་བརྗོད་གཞན་ཁག་ཅིག་ལེགས་བཅོས་གནང་བའི་ཁོངས་སུ་ཨ་རིས་ཐེ་ཝན་རྒྱལ་སྤྱིའི་ཚོགས་པ་སྒྲིག་འཛུགས་ཁག་ནང་མཉམ་ཞུགས་བྱེད་པ་སོགས་ལ་སྤྱི་ཡོངས་ནས་རྒྱབ་སྐྱོར་ཡོད་སྐོར་བཀོད་འདུག
དེའི་ཐད་རྒྱ་ནག་གི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་(Gao Jiakun)་གྱིས་ཨ་རིས་དྲྭ་རྒྱའི་ཐོག་བཟོ་བཅོས་བརྒྱབ་པ་དེ་ནི་གོམ་པ་ཕྱི་ནུད་བྱས་པ་ཞིག་དང་། དེ་ཡིས་ཐེ་ཝན་གྱི་རང་བཙན་དོན་གཉེར་བ་ཁ་བྲལ་རིང་ལུགས་པ་ཚོར་ནོར་འཁྲུལ་ཚབས་ཆེའི་བརྡ་ལན་ཞིག་སྤྲོད་ཀྱི་ཡོད་ལུགས་དང་ནོར་འཁྲུལ་དེ་འཕྲལ་དུ་བཟོ་བཅོས་རྒྱག་དགོས་སྐོར་འཆར་ཅན་གསར་འགོད་ལྷན་ཚོགས་ཐོག་བརྗོད་འདུག


གསར་འགོད་པ། བསྟན་འཛིན་ནོར་འཛོམས།
རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎