ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་དྲྭ་རྒྱའི་ཐོག་ཐེ་ཝན་རང་བཙན་ལ་རྒྱབ་སྐྱོར་བྱེད་ཀྱི་མེད་ཞེས་པའི་ཚིག་བརྗོད་ཕྱིར་འཐེན་བྱས་རྗེས་ཐེ་ཝན་གྱིས་དགའ་བསུ་དང་རྒྱ་ནག་གིས་སྐྱོན་བརྗོད་བྱས་འདུག

2025.02.17
ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་དྲྭ་རྒྱའི་ཐོག་ཐེ་ཝན་རང་བཙན་ལ་རྒྱབ་སྐྱོར་བྱེད་ཀྱི་མེད་ཞེས་པའི་ཚིག་བརྗོད་ཕྱིར་འཐེན་བྱས་རྗེས་ཐེ་ཝན་གྱིས་དགའ་བསུ་དང་རྒྱ་ནག་གིས་སྐྱོན་བརྗོད་བྱས་འདུག ངོ་རྒོལ་ལས་འགུལ་བ་ཞིག་གི་ལག་པར་ཡོད་པའི་ཐེ་ཝན་དང་ཨ་རིའི་རྒྱལ་དར། ༢༠༡༧
REUTERS

གཟའ་ཉི་མའི་ཉིན་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་གཞུང་འབྲེལ་དྲྭ་རྒྱའི་ཐོག་ཐེ་ཝན་རང་བཙན་ལ་རྒྱབ་སྐྱོར་བྱེད་ཀྱི་མེད་ཞེས་པའི་ཚིག་བརྗོད་དེ་ཕྱིར་འཐེན་བྱས་པར་ཐེ་ཝན་གཞུང་གིས་བཟང་ཕྱོགས་དང་མཛའ་མཐུན་གྱི་རྣམ་པ་ལྡན་པའི་ཚིག་བརྗོད་དེར་འགྱུར་བ་བཏང་བ་དེར་བསྔགས་བརྗོད་དགའ་བསུ་ཞུས་པ་དང་། དེ་བཞིན་དེ་ནི་ཐེ་ཝན་དང་ཨ་རི་གཉིས་ཀྱི་མཛའ་འབྲེལ་དམ་ཟབ་ཀྱི་རྣམ་པ་མཚོན་གྱི་ཡོད་སྐོར་ཐེ་ཝན་ཕྱི་སྲིད་བློན་ཆེན་གྱིས་བརྗོད་འདུག འོན་ཀྱང་རྒྱ་ནག་གཞུང་གིས་དེ་ལ་སྐྱོན་བརྗོད་དང་དེ་ནི་ནོར་འཁྲུལ་ཞིག་ཡིན་པས་བཟོ་བཅོས་རྒྱག་དགོས་སྐོར་གཟའ་ཟླ་བའི་ཉིན་ཨ་རིར་འབོད་སྐུལ་བྱས་འདུག ད་དུང་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་དྲྭ་རྒྱའི་ཐོག་ཐེ་ཝན་དང་འབྲེལ་བའི་ཚིག་བརྗོད་གཞན་ཁག་གཅིག་ལེགས་བཅོས་གནང་བའི་ཁོངས་སུ་ཨ་རིས་ཐེ་ཝན་རྒྱལ་སྤྱིའི་ཚོགས་པ་སྒྲིག་འཛུགས་ཁག་ནང་མཉམ་ཞུགས་བྱེད་པ་སོགས་སྤྱི་ཡོངས་ནས་རྒྱབ་སྐྱོར་ཡོད་སྐོར་བཀོད་འདུག
དེ་འབྲེལ་ཐེ་ཝན་གྱི་ཕྱི་སྲིད་བློན་ཆེན་(Lin Chia Lhun)་གྱིས་ཨ་རིའི་སྲིད་འཛིན་ཌོ་ནལཌི་ཊམཔ་(Donald Trump)་མཆོག་ལ་ཐེ་ཝན་མཚོ་འགག་དུ་ཞི་བདེ་དང་བརྟན་ལྷིང་ཡོང་བ་དང་ཐེ་ཝན་དང་ཨ་རིའི་གཉིས་བར་དཔལ་འབྱོར་དང་འཕྲུལ་རིག་མཉམ་ལས་བཅས་ཀྱི་ཐོག་ཆོད་སེམས་བརྟན་པོ་ཡོད་པ་དཀའ་དྲིན་ཆེ་ཞུས་འདུག
རྒྱ་ནག་གི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་(Gao Jiakun)་གྱིས་ཨ་རིས་དྲྭ་རྒྱའི་ཐོག་བཟོ་བཅོས་བརྒྱབ་པ་དེ་ནི་གོམ་པ་ཕྱི་ནུད་བྱས་པ་ཞིག་དང་། དེ་ཡིས་ཐེ་ཝན་གྱི་རང་བཙན་དོན་གཉེར་བ་ཁ་བྲལ་རིང་ལུགས་པ་ཚོར་ནོར་འཁྲུལ་ཚབས་ཆེའི་བརྡ་ལན་ཞིག་སྤྲོད་ཀྱི་ཡོད་ལུགས་དང་ནོར་འཁྲུལ་དེ་འཕྲལ་དུ་བཟོ་བཅོས་རྒྱག་དགོས་སྐོར་འཆར་ཅན་གསར་འགོད་ལྷན་ཚོགས་ཐོག་བརྗོད་འདུག

Chinese Foreign Ministry spokesperson Guo Jiakun .png
རྒྱ་ནག་གི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་(Gao Jiakun) ༢༠༢༥།༡།༧ པར། Reuters


ཨ་རི་ནི་ཐེ་ཝན་ལ་ཡུན་རིང་རྒྱབ་སྐྱོར་གནང་མཁན་གྱི་རྒྱལ་ཁབ་གལ་ཆེ་ཞིག་ཆགས་ཡོད་པ་དང་། ཐེ་ཝན་དང་འབྲེལ་བའི་གཞུང་འབྲེལ་ཚིག་བརྗོད་ཁག་ཧ་ཅང་ཚོར་རྣོ་ཅན་ཞིག་ཡིན་པ་དང་། ཉེ་ལམ་གཟའ་ཕུར་བུ་ཕྱི་ཚེས་༡༣ཉིན་ཚིག་བརྗོད་དེ་འགྱུར་བ་བཏང་བ་ད་ཐེངས་དང་པོ་མིན་ཞིང་དེ་སྔོན་༢༠༢༢ལོའི་སྤྱི་ཟླ་༥པའི་ནང་། ཨ་རིའི་སྲིད་འཛིན་འཇཱོ་སྦཡེ་ཌེན་(Joe Biden)་གྱི་གཞུང་འཛིན་སྐབས་སུ་ཐེ་ཝན་དང་འབྲེལ་བའི་གཞུང་འབྲེལ་དྲྭ་རྒྱ་ཐོག་ཚིག་བརྗོད་འགྱུར་བ་བཏང་བར་རྒྱ་ནག་གཞུང་གིས་ཁོང་ཁྲོའི་རྣམ་འགྱུར་ཤུགས་ཆེ་བསྟན་པར་བརྟེན། རྗེས་སུ་ཨ་རིས་ཐེ་ཝན་རང་བཙན་ལ་རྒྱབ་སྐྱོར་བྱེད་ཀྱི་མེད་ཞེས་པའི་ཚིག་གྲུབ་དེ་བསྐྱར་སྣོན་བྱས་ཡོད་པ་རེད།
ཐེ་ཝན་དུ་ཡོད་པའི་ཨ་རིའི་དོན་གཅོད་ལས་ཁང་གིས་ད་ཐེངས་ཚིག་བརྗོད་ཁ་སྣོན་དེ་བཞིན་རྒྱུན་ལྡན་ཞིག་ཡིན་པ་དང་། ཨ་རིའི་ངོས་ནས་ནམ་རྒྱུན་དུ་ཐེ་ཝན་མཚོ་འགག་གི་ད་ལྟའི་གནས་སྟངས་ལ་ཕྱོགས་གཅིག་གིས་འགྱུར་བ་སུས་བཏང་བ་ཡིན་ན་ངོ་རྒོལ་ཡོད་ཅེས་དང་། དེ་བཞིན་རྒྱ་ནག་དེ་བཞིན་ཐེ་ཝན་མཚོ་འགག་གི་ཞི་བདེ་དང་བརྟན་ལྷིང་ལ་ཉེན་ཁ་ཆེ་ཤོས་ཤིག་རེད་ཅེས་བརྗོད་འདུག འོན་ཀྱང་ཨ་རིས་རྒྱ་ནག་གཅིག་གི་སྲིད་ཇུས་ལ་ངོས་འཛིན་ཡོད་སྐོར་གྱི་ཚིག་བརྗོད་དེར་ད་དུང་ཡང་འགྱུར་བ་བཏང་མེད་པ་རེད།
ཐེ་ཝན་གཞུང་གིས་ཨ་རིའི་སྲིད་འཛིན་དང་ལྷན་དུ་མཐུན་ཐབས་འབད་ཀྱི་ཡོད་ཅིང་། ཉེ་ལམ་ཨ་རིའི་སྲིད་འཛིན་གྱིས་ཐེ་ཝན་སྲུང་སྐྱོབ་ཆེད་རིན་པ་སྤྲོད་དགོས་ལུགས་དང་ཨ་རིའི་ཉེ་བའི་གློག་ཆས་མཁོ་རྫས་སྙིང་སྡེར་ལག་རྩལ་(Chip)་ཐེ་ཝན་གྱིས་རྐུ་འཁྱེར་བྱས་ཡོད་སྐོར་ཉེས་འཛུགས་བྱས་པའི་རྐྱེན་གྱིས་ཐེ་ཝན་ནང་ཨ་རིའི་སྲུང་སྐྱོབ་དེར་འགྱུར་བ་འགྲོ་སྲིད་མིན་བློ་ཚབས་བྱེད་མཁན་བྱུང་ཡོད། མ་ཟད་ཨ་རིའི་སྲིད་འཛིན་གྱིས་ཐེ་ཝན་གྱི་གློག་རྫས་རིགས་ལ་སྒོ་ཁྲལ་བརྒྱ་ཆ་༡༠༠ཐམ་པ་པར་སྤར་སྲིད་པའི་ཉེན་བརྡ་བཏང་བ་བཅས་ལ་བརྟེན་ནས་ཐེ་ཝན་གཞུང་གིས་ཨ་རིའི་ནང་མ་འཛུགས་ཇེ་ཆེར་གཏོང་རྒྱུ་དང་ཐེ་ཝན་རང་ཉིད་སྲུང་སྐྱོབ་ཀྱི་འགན་འཁུར་ཁག་ཐེགས་བྱེད་རྒྱུའི་ཐོག་ཁས་ལེན་བྱས་ཡོད་པ་རེད།
གལ་སྲིད་ཐེ་ཝན་རང་བཙན་ཡིན་པའི་གཞུང་འབྲེལ་ཕྱི་བསྒྲགས་བྱས་པ་ཡིན་ན་དེ་ལ་རྒྱ་ནག་གཞུང་གིས་བཟོད་ཐབས་བྲལ་བའི་ཡ་ལན་སློག་རྒྱུའི་སྡིགས་ར་ཡང་ཡང་སྐུལ་གྱི་ཡོད་པ་རེད།


གསར་འགོད་པ། སེང་གེ་རི་བསོད་ནམས་ལྷ་མོ། རྡོ་རྗེ་དགྲ་འདུལ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎