ཨ་རིའི་གྲོས་ཚོགས་ནང་ཐེ་ཝན་གྱི་དོན་གཅོད་ཁང་གི་མིང་བརྗེ་བསྒྱུར་དང་འབྲེལ་བའི་ཁྲིམས་འཆར་བཏོན་འདུག
དེ་ཡང་གནས་ཚུལ་ལྟར་ན། ཨ་རིའི་གྲོས་ཚོགས་གོང་མའི་ནང་ཆབ་སྲིད་ཚོགས་པ་ཕྱོགས་གཉིས་ལས་གྲུབ་པའི་འཐུས་མི་ཁག་ཅིག་གིས་བདུན་ཕྲག་འདིའི་རེས་གཟའ་ལྷག་པ་ཚེས་ ༡༢ ཉིན་ཐེ་ཝན་གཞུང་ཚབ་ལས་ཁང་གི་ཁྲིམས་འཆར་ཞེས་པ་ཞིག་བཏོན་པའི་ནང་། ཨ་རིའི་རྒྱལ་ས་ཁུལ་དུ་ཡོད་པའི་ཐེ་ཝན་གྱི་གཞུང་ཚབ་ལྟ་བུའི་ལས་ཁང་གི་མིང་བསྒྱུར་ནས་ཐེ་ཝན་མི་དམངས་ཀྱི་སྐུ་ཚབ་ཡིན་པ་མཚོན་ཐུབ་པ་ཞིག་བཟོ་རྒྱུ་ཡིན་ཞེས་ངོ་སྤྲོད་བྱས་ཡོད་འདུག་ལ། དེའི་ནང་ད་ལྟའི་ཆར་ལས་ཁུངས་དེར་ཐེ་ཝན་གྱི་དཔལ་འབྱོར་དང་རིག་གཞུང་ལས་ཁུངས་ཞེས་འབོད་བཞིན་པ་ད་ནས་བཟུང་ཐེ་ཝན་དོན་གཅོད་ཁང་ཅེས་པར་མིང་བསྒྱུར་བྱེད་རྒྱུ་གསལ་ཡོད་པ་རེད།
གནས་ཚུལ་ནང་གསལ་བར་ཁྲིམས་འཆར་འདིས་ཨ་རིས་ཐེ་ཝན་གྱི་དམངས་གཙོར་བཅངས་པའི་དོན་དམ་ཚིག་གིས་མཚོན་པ་དང་ཨ་རི་དང་ཐེ་ཝན་གྱི་འབྲེལ་བར་གསལ་ཁ་བཏོན་གནང་ཐུབ་པ་གནང་གི་ཡོད་ཅེས་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་ཇོན་ཀར་ཊིས་ (John Curtis) དང་མང་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་ཇེཕ་མར་ཀ་ལེ་ (Jeff Merkley) རྣམ་གཉིས་ཀྱིས་གསར་འགོད་གསལ་བསྒྲགས་སྤེལ་བའི་ནང་འཁོད་ཡོད་པ་རེད།
ཡང་ཕྱི་ལོ་ ༢༠༢༣ དང་ ༢༠༢༤ ལོར་གྲོས་ཚོགས་འཐུས་མི་ཁག་ཅིག་གིས་གྲོས་ཚོགས་གོང་མའི་ ནང་དེ་འབྲེལ་གྱི་ཁྲིམས་འཆར་བཏོན་ཡོད་ཀྱང་དེར་ལམ་ལྷོང་ལྡན་པའི་གྲུབ་འབྲས་བྱུང་མེད་པ་རེད། སྐབས་དེར་གྲོས་ཚོགས་འཐུས་མིའི་ཁོངས་སུ་ཡོད་པའི་ཇོན་ཀར་ཊིས་ (John Curtis) ཡིས་ཁྲིམས་འཆར་དེ་དག་གི་ནང་ནས་གཅིག་བཏོན་གནང་བ་དང་། གྲོས་ཚོགས་གོང་མའི་ནང་ད་ལྟའི་ཕྱི་སྲིད་དྲུང་ཆེ་མར་ཀོ་རུ་སྦི་ཡོ་(Marco Rubio) ཡིས་དེ་དང་གཅིག་མཚུངས་ཀྱི་གྲོས་འཆར་བཏོན་ཡོད་འདུག
ཐེ་ཝན་ལ་ཕྱི་འབྲེལ་མེད་པའི་རྒྱལ་ཁབ་ཁག་ནང་ཡོད་པའི་ཐེ་ཝན་གྱི་སྐུ་ཚབ་དོན་གཅོད་ཁང་ལ་སྤྱིར་བཏང་ཐེ་པེ་དཔལ་འབྱོར་དང་རིག་གཞུང་ལས་ཁུངས་སམ་ཡང་ན་ཐེ་པེ་སྐུ་ཚབ་དོན་གཅོད་ཁང་ཞེས་འབོད་སྲོལ་ཡོད་པ་དེ་ནི་རྒྱལ་ཁབ་ཁག་ནས་ཐེ་ཝན་དེ་བཞིན་རྒྱ་ནག་དང་ལོགས་སུ་གནས་པའི་རྒྱལ་ཁབ་ཅིག་ཡིན་པའི་གོ་དོན་མཚོན་གྱི་ཡོད་པ་རེད། ཨ་རི་དང་ཐེ་ཝན་གཉིས་བར་ཕྱི་ལོ་ ༡༩༧༩ ལོར་འབྲེལ་ལམ་མཚམས་བཞག་པ་ནས་བཟུང་ཐེ་ཝན་གྱི་ཝ་ཤིང་ཀྲོན་ཡན་ལག་ལས་ཁུངས་ཞེས་འབོད་ཀྱི་ཡོད། བདུན་ཕྲག་འདིའི་རེས་གཟའ་ལྷག་པའི་ཉིན་གྲོས་ཚོགས་འཐུས་མི་ཀར་ཊིས་ (Curtis) ཡིས་གསར་འགོད་གསལ་བསྒྲགས་སྤེལ་སྐབས་རྒྱ་ནག་གིས་ཐེ་ཝན་མི་དམངས་ལ་གནོན་ཤུགས་སྤྲོད་བཞིན་པར་ཨ་རིས་བཟོད་བསྲན་བྱེད་ཀྱི་མིན་ཞེས་གསུངས་ཡོད་པ་རེད།།
གསར་འགོད་པ། དབྱངས་སྒྲོན།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།