ཨ་རིའི་གྲོས་ཚོགས་འོག་མའི་ནང་ཐེ་ཝན་རྒྱལ་སྤྱིའི་མ་དངུལ་ཐེབས་རྩའི་ཚོགས་མིའི་ཁོངས་སུ་འཛུལ་ཞུགས་བྱེད་རྒྱུའི་ཁྲིམས་འཆར་ལ་རྒྱབ་སྐྱོར་ཐོབ་འདུག

2025.03.07
ཨ་རིའི་གྲོས་ཚོགས་འོག་མའི་ནང་ཐེ་ཝན་རྒྱལ་སྤྱིའི་མ་དངུལ་ཐེབས་རྩའི་ཚོགས་མིའི་ཁོངས་སུ་འཛུལ་ཞུགས་བྱེད་རྒྱུའི་ཁྲིམས་འཆར་ལ་རྒྱབ་སྐྱོར་ཐོབ་འདུག ཨ་རི་དང་ཐེ་ཝན་གྱི་རྒྱལ་དར།
AFP

དེ་ཡང་ཕྱི་ཟླ་གཉིས་པའི་ནང་། ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་དཔལ་འབྱོར་ལས་དོན་ཚོགས་ཆུང་ (US House of Financial Service Committee) ནང་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་ཡོང་ཀིམ་ (Young Kim) དང་ཨེལ་གྷི་རེན་ (Al Green) རྣམ་གཉིས་ཀྱིས་རྒྱལ་སྤྱིའི་མ་དངུལ་ཐེབས་རྩའི་ (International Monetary Fund) ཚོགས་མིའི་ཁོངས་སུ་ཐེ་ཝན་འཛུལ་ཞུགས་ཆོག་པའི་གྲོས་འཆར་བཏོན་གནང་བ་ལྟར་བདུན་ཕྲག་འདིའི་གཟའ་ལྷག་པ་སྟེ་ཕྱི་ཟླ་གསུམ་པའི་ཚེས་ལྔ་ཉིན་ཁྲིམས་འཆར་དེར་ཚོགས་པ་གཉིས་ཀའི་ངོས་ནས་རྒྱབ་སྐྱོར་ཐོབ་ཡོད་འདུག
གོང་ཞུས་ཁྲིམས་འཆར་བཏོན་པ་དེའི་ནང་། ཨ་རིའི་གཞུང་གི་ངོས་ནས་རྒྱལ་སྤྱིའི་མ་དངུལ་ཐེབས་རྩའི་ཚོགས་མིའི་ཁོངས་སུ་ཐེ་ཝན་འཛུལ་ཞུགས་བྱེད་རྒྱུར་རྒྱབ་སྐྱོར་གནང་ཏེ་སྤྱི་མཚུངས་ཀྱི་ཐེ་ཝན་ལའང་ཚོགས་མིའི་ངོ་བོའི་ཐོག་ནས་དཔལ་འབྱོར་སྲིད་བྱུས་ཐོག་ཐེ་བྱུས་དང་ཐེ་ཝན་གྱི་མི་ཚོར་ལས་ཀའི་ཐོག་སྦྱོང་བརྡར། ལས་ཀའི་ཐོབ་ཐང་སོགས་ཡོད་པ་ཞིག་དགོས་རྒྱུ་གལ་ཆེན་པོ་ཡིན་ལུགས་བཀོད་ཡོད་པ་རེད།
ཡང་ཁྲིམས་འཆར་དེ་བཏོན་པའི་སྐབས་གྲོས་ཚོགས་འཐུས་མི་ཀིམ་ཡོང་གིས། ཨ་རིའི་ཚོགས་པ་གཉིས་ཀའི་ངོས་ནས་ད་བར་ཐེ་ཝན་ལ་དམིགས་པས་རྒྱབ་སྐྱོར་གནང་ཡོད་པ་ལྟར། ད་རེས་ཐེ་ཝན་དེ་བཞིན་རྒྱལ་སྤྱིའི་མ་དངུལ་ཐེབས་རྩའི་ཚོགས་མིའི་ནང་འཛུལ་ཞུགས་བྱེད་རྒྱུར་ཨ་རིའི་དངུལ་རྩིས་ལྷན་ཁང་གི་ངོས་ནས་དེའི་ཐོག་ཤུགས་གནོན་རྒྱག་དགོས་ཀྱི་རེད། རྒྱལ་སྤྱིའི་མ་དངུལ་ཐེབས་རྩའི་ཚོགས་མིའི་ཁོངས་སུ་འཛུལ་ཞུགས་བྱེད་རྒྱུར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མི་ཡིན་དགོས་པའི་ཁྱབ་པ་ཡོད་མ་རེད། དཔེར་མཚོན་དུ་ཤར་ཡོ་རོབ་ཀྱི་རྒྱལ་ཁབ་ཀོ་སི་ཝོ་ (Kosovo) བཞག་གནང་ཡོད་པ་རེད།
གོང་ཞུས་ཁྲིམས་འཆར་དེའི་ནང་། རྩ་བའི་ཐེ་ཝན་ནི་འཛམ་གླིང་ཚོང་དོན་སྒྲིག་འཛུགས་དང་གཞན་ཡང་ཨེ་ཤེ་ཡའི་མ་དངུལ་ཐེབས་རྩ་སོགས་ཀྱི་ཚོགས་མི་ཡིན་སྟབས། གལ་སྲིད་རྒྱལ་སྤྱིའི་མ་དངུལ་ཐེབས་རྩའི་ཁོངས་སུ་ཚུད་པ་ཡིན་ན་འཛམ་གླིང་དངུལ་ཁང་ཆེན་མོའི་ཚོགས་མིར་ཡང་འཛུལ་ཞུགས་ཐུབ་པ་ཡོང་གི་རེད། གང་ལྟར་ཐེ་ཝན་ནི་ཨ་རིའི་མཐུན་ཕྱོགས་ཞིག་ཡིན་པ་ཙམ་དུ་མ་ཟད། རྒྱལ་སྤྱིའི་སྟེང་དཔལ་འབྱོར་དང་མ་དངུལ་གྱི་ཐོག་ནས་ཞབས་འདེགས་ཆེན་པོ་སྒྲུབ་ཐུབ་པའི་ནུས་པ་ཡོད་པ་ཞིག་རེད་ཅེས་གསུངས་ཏེ་ཨ་རིས་ཐེ་ཝན་ལ་རྒྱབ་སྐྱོར་དགོས་པའི་འབོད་སྐུལ་གནང་ཡོད་པ་རེད།
དེ་སྔ་ཕྱི་ལོ་ ༡༩༨༠ ཐམ་པའི་ལོར་རྒྱལ་སྤྱིའི་མ་དངུལ་ཐེབས་རྩའི་ནང་། ཐེ་ཝན་གྱི་ཚབ་དུ་རྒྱ་ནག་ཚོགས་མིའི་ཁོངས་སུ་འཛུལ་ཞུགས་བཅུག་པ་ཞིག་ཡིན་པ་དང་། ཐེབས་རྩ་ཁང་དེའི་ནང་རྒྱལ་ཁབ་ ༡༩༡ ཙམ་གྱི་ཚོགས་མི་ཡོད་པ་ཞིག་ཡིན་པ་རེད།།


གསར་འགོད་པ། རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎