རྒྱ་ནག་གཞུང་གིས་བོད་མིའི་ཆོས་དད་རང་དབང་རྡོག་རོལ་གཏོང་བཞིན་པ་ཨ་རིའི་གྲོས་ཚོགས་ཀྱི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱིས་ཐེར་འདོན་གནང་འདུག
ཨ་རིའི་གྲོས་ཚོགས་ཀྱི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཁང་(USCIRF)་གིས་ཆོས་དད་རང་དབང་གི་སྙན་ཐོ་ཞིག་འདི་ཚེས་༢༣་ཉིན་འདོན་སྤེལ་གནང་ཡོད་པའི་ནང་། བོད་ཀྱི་སྐོར་ལ་རྒྱ་ནག་གཞུང་གིས་བོད་ནང་གི་ཆོས་དད་རང་དབང་ལ་རྡོག་རོལ་གཏོང་བ་དང་། བོད་བརྒྱུད་ནང་བསྟན་རྒྱ་ནག་ཅན་དུ་བསྒྱུར་བཞིན་པའི་སྲིད་ཇུས་ཁྲོད་བོད་ནང་གི་དགེ་འདུན་པ་དང་བཙུན་མ་ཚོར་ཆབ་སྲིད་བསམ་བློ་སློབ་གསོ་སྤྲོད་པ། བོད་རུ་སྡེ་ཁག་རྒྱ་ནག་གི་ལས་དོན་རུ་ཁག་གི་ལས་བྱེད་ཚོས་སྟངས་འཛིན་བྱེད་པ། ནང་བསྟན་ཆོས་ལུགས་ཀྱི་སྐུ་བརྙན་དང་། ཆོས་དཔེ། མཆོད་རྟེན་སོགས་མེད་པར་བཟོས་པ། ཆོས་ལུགས་ཀྱི་བྱེད་སྒོ་ཁག་བཀག་སྡོམ་དང་དམ་དྲག་བྱེད་པ་སོགས་ལ་བརྟེན་ནས་བོད་མི་རིགས་ཀྱི་ཆོས་དང་། རིག་གཞུང་གི་ངོ་བོ་གནས་མིན་ཉེན་ཁར་གྱུར་ཡོད་པ་ཐེར་འདོན་དང་མཉམ། རྒྱ་ནག་གི་སྲིད་ཇུས་དེའི་འོག་བོད་མིར་དམ་དྲག་ལྟ་སྲུང་ནན་མོ་བྱེད་པ་དང་། སྤྱི་ནོར་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་མ་འོངས་སྐུའི་ཡང་སྲིད་ཐད་ཐེ་ཇུས་དང་ངན་ཇུས་བཤམས་པ། ས་གནས་ཀྱི་བོད་མི་ལས་བྱེད་དང་བོད་ཕྲུག་སློབ་མ་ཚོ་ནང་ཆོས་ཀྱི་བྱེད་སྒོར་ཞུགས་མི་ཆོག་པར་བཀག་སྡོམ་བྱེད་པ་སོགས་བོད་ནང་གི་ཆོས་དད་རང་དབང་གི་གནས་སྟངས་སྡུག་པོ་ཡོད་པའི་གནས་སྟངས་ཁག་ཁ་གསལ་བརྗོད་ནས་བོད་ནང་གི་བོད་མིའི་ཆོས་དད་རང་དབང་ལ་རྒྱ་ནག་གཞུང་གིས་རྡོག་རོལ་གཏོང་བཞིན་ཡོད་པ་ཐེར་འདོན་གནང་བ་དང་། རྒྱ་ནག་དེ་བཞིན་ཆོས་དད་རང་དབང་རྡོག་རོལ་གཏོང་མཁན་སེམས་ཚབས་བྱ་ཡུལ་གྱི་རྒྱལ་ཁབ་ཁོངས་སུ་ཨ་རིའི་གཞུང་གིས་ངོས་འཛིན་བྱེད་དགོས་པའི་རྒྱབ་གཉེར་གནང་འདུག
དེའི་ཐད་ཨ་རིའི་གྲོས་ཚོགས་ཀྱི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་ཚོགས་གཙོ་ཟུར་པ་འབུམ་རམས་པ་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། ད་རེས་ཨ་རིའི་གྲོས་ཚོགས་ཀྱི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱིས་ཆོས་དད་རང་དབང་ཐད་ཤོག་ངོས་དྲུག་ཡོད་པའི་སྙན་ཐོ་འདོན་སྤེལ་གནང་ཡོད་པའི་ནང་། རྒྱ་ནག་གཞུང་གིས་རྒྱ་ནག་ནང་གི་ཆོས་ལུགས་འདྲ་མིན་ཁག་རྒྱ་ནག་དམར་པོའི་རིང་ལུགས་ལ་བསྒྱུར་ཐབས་དང་ཤུགས་རྐྱེན་བཟོ་ཐབས་བྱེད་བཞིན་པ་ཐེར་འདོན་དང་། བོད་ལ་ཆ་བཞག་ན་བོད་བརྒྱུད་ནང་བསྟན་དེ་བཞིན་ཞི་ཅིན་ཕིན་གྱི་ལྟ་བ་དང་མཐུན་པའི་དམར་ཤོག་རིང་ལུགས་ཀྱི་དགོས་མཁོ་སྒྲུབ་ཐབས་བྱེད་བཞིན་པ་དང་། དགོན་སྡེ་ཁག་རྒྱ་ནག་དམར་ཤོག་གཞུང་གིས་སྟངས་འཛིན་བྱེད་བཞིན་པ་སོགས་གནད་འགག་ཆེ་བ་ཁག་ཐེར་འདོན་གནང་འདུག་ལ། ཨ་རིའི་གྲོས་ཚོགས་ཀྱི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱིས་སྙན་ཐོ་འདོན་སྤེལ་གནང་བཞིན་པ་དེས་ཨ་རིའི་གྲོས་ཚོགས་དང་གཞུང་གིས་རྒྱལ་སྤྱིའི་ཐོག་ཆོས་དད་རང་དབང་གི་གནད་དོན་དང་འབྲེལ་བའི་སྲིད་ཇུས་གཏན་འབེབས་གནང་རྒྱུར་ཞིབ་འཇུག་གནང་ས་གཙོ་གྲས་ཞིག་ཡིན་པ་སོགས་ཀྱི་ཕན་ཐོགས་ཡོད་པ་འགྲེལ་བརྗོད་གནང་བྱུང་།
ད་དུང་སྙན་ཐོ་དེའི་ནང་མུ་མཐུད་དུ། རྒྱ་ནག་གཞུང་གིས་བོད་ནང་གི་བོད་ཕྲུག་ས་ཡ་གཅིག་ཙམ་རྒྱ་ནག་གཞུང་གིས་བཙུགས་པ་དང་སྟངས་འཛིན་བྱེད་བཞིན་པའི་བཅའ་སྡོད་སློབ་གྲྭ་ཁག་ནང་བཅུག་ཏེ་བོད་མི་རིགས་བསྲེས་ལྷད་དང་རྒྱ་བསྒྱུར་བྱེད་བཞིན་པའི་སྲིད་ཇུས་ལག་བསྟར་བྱེད་བཞིན་པ་ཡང་ཐེར་འདོན་གནང་འདུག
ཞི་ཅིན་ཕིན་གྱིས་རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་གཙོ་བོའི་འགན་འཁུར་བཞིན་པའི་སྐབས་འདིར། རྒྱ་ནག་ནང་གི་ཆོས་ཚོགས་པ་ཁག་དང་ཆོས་ལུགས་ཀྱི་དབུ་ཁྲིད་ཚོ་རྒྱ་ནག་དམར་ཤོག་ཚོགས་པའི་ཆབ་སྲིད་ཀྱི་ལག་ཆར་མགོ་སྐོར་གཏོང་བཞིན་པའི་གཞུང་གིས་ཆོས་ལུགས་ལས་དོན་འཛིན་སྐྱོང་བྱེད་པའི་གཞི་རྩའི་སྒུལ་ཤུགས་ཞིག་ཏུ་གྱུར་ཡོད་པ་དང་། དབང་འཛིན་པ་ཚོས་ཁྲིམས་ལུགས་དང་རྒྱལ་ཁབ་ཀྱི་དབང་སྒྱུར་འོག་ཡོད་པའི་ཆོས་ལུགས་ཚོགས་པ་ཁག་བརྒྱུད་ནས་ནང་པ་དང་། ཡི་ཤུ། དེ་བཞིན་ཁ་ཆེའི་ཆོས་ལུགས་ལ་དད་ཞེན་བྱེད་མཁན་ཚོར་རྒྱ་ནག་དམར་ཤོག་གཞུང་གི་ཆབ་སྲིད་དང་སྲིད་ཇུས་དང་འགལ་བར་བརྗོད་ནས་བཙན་ཤེད་ཀྱིས་མེད་པ་བཟོ་གི་ཡོད་པ་དང་། གཞུང་གི་དཔོན་རིགས་ཚོས་རྒྱ་ནག་དམར་ཤོག་ཚོགས་པར་བློ་གཅིག་སེམས་གཅིག་གི་རྒྱབ་སྐྱོར་བྱེད་མཁན་ཚོ་ཆོས་ལུགས་ཀྱི་འགོ་ཁྲིད་དུ་བསྐོ་བཞག་བྱས་པ། ཆོས་ཁང་སོགས་དམར་ཤོག་ཚོགས་པའི་ཆོག་མཆན་ཐོབ་པའི་བཟོ་བཀོད་ཀྱི་ཕྱག་འཚལ་ཁང་དུ་བསྒྱུར་བ་སོགས། རྒྱ་ནག་གཞུང་གི་བྱེད་ཐབས་འདི་དག་གིས་རྒྱལ་སྤྱིའི་སྲུང་སྐྱོབ་ཐོབ་པའི་ཆོས་ལུགས་དང་། དད་མོས་རང་དབང་གི་ཐོབ་ཐང་ཡོངས་སུ་འགལ་འཛོལ་བྱས་ཡོད་ཅེས་དང་། རྒྱ་ནག་ལ་ཆོས་ལུགས་རང་དབང་ལ་མུ་མཐུད་ནས་གཏོར་བརླག་ཚབས་ཆེན་བྱེད་པའི་བྱ་སྤྱོད་སྤེལ་བའི་རྐྱེན་གྱིས་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་རྒྱ་ནག་དེ་བཞིན་དམིགས་བསལ་གྱི་བློ་ཚབས་བྱ་ཡུལ་གྱི་རྒྱལ་ཁབ་གྲས་སུ་བསྐྱར་དུ་མིང་བཏོན་དགོས་པ་ཨ་རི་གཞུང་ལ་བསམ་འཆར་བཏོན་ཡོད་པ་དང་། ད་ལོ་ཕྱི་ཟླ་དང་པོའི་ནང་ཨ་རིའི་སྲིད་གཞུང་གིས་གཞུང་གི་འཕྲུལ་རིག་སྲིད་ཇུས་ལ་དབྱེ་ཞིབ་བྱས་པའི་སྙན་ཐོ་ཞིག་བཏོན་ཡོད་པའི་ནང་ལ་ཡང་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཁང་གིས་༢༠༢༣ ལོའི་ཟླ་༡༠ ནང་ཨ་རིའི་གྲོས་ཚོགས་ནང་སྐུལ་འདེད་བཏང་ནས་རྒྱ་ནག་གིས་ཆབ་སྲིད་ཀྱི་ཐེ་གཏོགས་བྱེད་པ་གསལ་སྟོན་བྱེད་པའི་སྐོར་ལུང་འདྲེན་བྱས་ཡོད་པའི་སྐོར་ཐེར་འདོན་གནང་འདུག
ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཁང་(USCIRF)་ནི་ཨ་རིའི་གྲོས་ཚོགས་ནས་རྒྱལ་སྤྱིའི་ནང་གྱི་ཆོས་ལུགས་རང་དབང་ལ་ལྟ་རྟོག་དང་། དབྱེ་ཞིབ། སྙན་ཞུ་འབུལ་རྒྱུའི་ཆེད་དུ་གྲོས་ཚོགས་ཚོགས་པ་གཉིས་ཀྱིས་ཟུང་འབྲེལ་གྱི་བཙུགས་པའི་རང་དབང་ཅན་གྱི་སྒྲིག་འཛུགས་ཤིག་ཡིན་ཞིང་། ལྷན་ཚོགས་དེས་སྲིད་འཛིན་དང་། ཕྱི་སྲིད་དྲུང་ཆེ། གྲོས་ཚོགས་བཅས་ལ་རྒྱལ་སྤྱིའི་སྟེང་ཆོས་ལུགས་ཀྱི་གནོད་འཚེ་འགོག་ཐབས་དང་ཆོས་ལུགས་དང་ཡིད་ཆེས་ཀྱི་རང་དབང་འཕེལ་རྒྱས་གཏོང་བའི་ཕྱི་འབྲེལ་སྲིད་བྱུས་ཀྱི་གྲོས་འཆར་བཏོན་གྱི་ཡོད་པ་རེད།
གསར་འགོད་པ། འཆི་མེད།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།