ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་སྙན་ཐོའི་ནང་བལ་ཡུལ་ནང་གི་བོད་མིའི་གནས་སྟངས་གླེང་འདུག

2023.08.18
ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་སྙན་ཐོའི་ནང་བལ་ཡུལ་ནང་གི་བོད་མིའི་གནས་སྟངས་གླེང་འདུག ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱིས་བལ་ཡུལ་གྱི་ཆོས་དད་རང་དབང་ཐད་གསར་དུ་བཏོན་པའི་སྙན་ཐོ།
དྲྭ་བཤུས།

ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱིས་འདི་ཚེས་༡༧ཉིན་བལ་ཡུལ་ནང་གི་ཆོས་དད་རང་དབང་གི་གནས་སྟངས་སྐོར་སྙན་ཐོ་ཤོག་གྲངས་༥ཡོད་པ་ཞིག་བཏོན་པའི་ནང་། བལ་ཡུལ་ནང་གི་གྲངས་ཉུང་མི་རིགས་ཀྱི་གནས་སྟངས་ཐད་ཁྲིམས་ཐོག་ནས་དཀའ་ངལ་འཕྲད་བཞིན་ཡོད་པ་གསལ་སྟོན་གནང་བ་དང་མཉམ། བལ་ཡུལ་ནང་གི་བོད་མི་སྐྱབས་བཅོལ་བའི་སྐོར་གླེང་ནས་གལ་སྲིད་བལ་ཡུལ་གཞུང་གིས་བོད་མི་སྐྱབས་བཅོལ་བ་རྒྱ་ནག་གཞུང་ལ་རྩིས་སྤྲོད་བྱས་པ་ཡིན་ན། བོད་མི་ཚོའི་ཚེ་སྲོག་གི་བདག་དབང་ལ་ཉེན་ཁ་ཆགས་པ་དང་། སྡུག་སྦྱོང་དང་མནར་གཅོད་ཕོག་སྲིད་པ་བཀོད་འདུག
སྙན་ཐོའི་ནང་། བལ་ཡུལ་ནི་བོད་ནས་བོད་མི་ཚོ་བྲོས་བྱོལ་དུ་བསྐྱོད་ཡུལ་གྱི་ས་ཁུལ་ཉེ་ཤོས་ཀྱི་རྒྱལ་ཁབ་ཅིག་ཡིན་ནའང་། བོད་མི་ཚོས་དཀའ་ངལ་དུ་མར་གདོང་ལེན་བྱས་ནས་བལ་ཡུལ་ནང་དུ་འབྱོར་རྗེས། བོད་མི་དེ་དག་ལ་སྐྱབས་བཅོལ་ལག་འཁྱེར་སྤྲོད་ཀྱི་མེད་པས། བོད་མི་ཚོར་འཚོ་རྟེན་ལས་ཀ་དང་སློབ་སྦྱོང་སོགས་ཀྱི་གོ་སྐབས་ཡག་པོ་ཐོབ་གཞི་མེད་པ་བཀོད་འདུག
ད་དུང་སྙན་ཐོའི་ནང་ཕྱི་ལོ་༢༠༢༢ལོར་བལ་ཡུལ་ནང་སྤྱི་ནོར་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་༧སྐུའི་འཁྲུངས་སྐར་ཉིན་དུས་ཡུན་ཆུ་ཚོད་༢ལྷག་ལས་སྲུང་བརྩི་ཞུ་བཅུག་མེད་པ་དང་། རྒྱུན་དུ་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་༧སྐུ་པར་སྒྲིག་གཤོམ་བྱེད་རྒྱུར་དམ་དྲག་བྱེད་ཀྱི་ཡོད་པ་དང་། བོད་མི་སྐྱབས་བཅོལ་བ་ཚོར་ལྟ་སྲུང་ནན་པོ་བྱེད་ཀྱི་ཡོད་པ། སྐབས་འགར་བོད་མིའི་སྡོད་ཁྱིམ་དུ་སྔོག་བཤེར་བྱེད་ཀྱི་ཡོད་པ་ཡང་གསལ་སྟོན་བྱས་འདུག
དེ་བཞིན་བལ་ཡུལ་དང་རྒྱ་ནག་གཞུང་གཉིས་ཀྱི་བར་ཉེས་ཅན་པ་ཕྱིར་རྩིས་སྤྲོད་བྱ་རྒྱུའི་གྲོས་མཐུན་ལ་བལ་ཡུལ་གྱིས་ས་རྟགས་བཀོད་ཡོད་ཀྱང་། གཞུང་འབྲེལ་གྱི་ཁས་ལེན་གནང་མེད་པ་རེད།
བལ་ཡུལ་ནང་གི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས། བལ་ཡུལ་ནས་བོད་དུ་ཕྱིར་ལོག་བྱེད་མཁན་རིགས་བལ་བོད་ས་མཚམས་སུ་འཛིན་བཟུང་བྱས་པ་ཁག་ཅིག་བྱུང་དང་འབྱུང་མུས་ཡིན་ལ། ས་མཚམས་སུ་འཛིན་བཟུང་བྱས་པ་རྣམས་བདུན་གཅིག་གི་ནང་ཚུད་གནས་ལུགས་ཐག་གཅོད་ཀྱིས་ཡང་ན་བལ་ཡུལ་གཞུང་དང་དེ་མིན་རྒྱ་ནག་གཞུང་གིས་རྩིས་ལེན་བྱེད་ཀྱི་ཡོད་པས། བལ་ཡུལ་ནས་ཕྱིར་བོད་དུ་ལོག་མཁན་རྣམས་རྒྱ་ནག་གཞུང་གིས་འཛིན་བཟུང་བྱེད་ཚེ་དེ་དག་གི་ཚེ་སྲོག་ལའང་ཉེན་ཁ་ཡོད་པ་སྙན་ཐོ་འདིའི་ནང་གསལ་སྟོན་གནང་འདུག


གསར་འགོད་པ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎