བོད་མི་བཙན་བྱོལ་བར་ལམ་རོགས་བྱས་པའི་ཉེས་མིང་འོག་བལ་ཡུལ་གྱི་གཞོན་སྐྱེས་གཉིས་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་འདུག

2024.06.25
བོད་མི་བཙན་བྱོལ་བར་ལམ་རོགས་བྱས་པའི་ཉེས་མིང་འོག་བལ་ཡུལ་གྱི་གཞོན་སྐྱེས་གཉིས་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་འདུག བོད་དང་ས་འབྲེལ་བལ་ཡུལ་མཐའ་མཚམས་ནུབ་རི་ཁུལ་གྱི་བལ་བོད་ས་མཚམས། ༢༠༡༧།༩།༡
མཐུན་འགྱུར་པར་རིས། མི་སེར་གྱི་འདྲ་པར།

དེ་ཡང་བོད་གནས་བསྐྱར་ཞིབ་སོགས་གསར་ལམ་ཁག་གིས་གནས་ཚུལ་སྤེལ་བ་ལྟར་ན། བལ་ཡུལ་གྱི་ས་མཚམས་(Gorkha)་ཁུལ་གྱི་བལ་ཡུལ་གྱི་མི་སེར་གཞོན་སྐྱེས་གཉིས་རྒྱ་ནག་གི་ཉེན་རྟོག་པས་མགོ་སྐོར་བསླུ་བྲིད་འོག་བོད་ནང་ཁྲིད་རྗེས་བཀག་ཉར་བྱས་ཡོད་པ་ཤེས་རྟོགས་བྱུང་བའི་གནས་ཚུལ། བལ་ཡུལ་གྱིས་རྒྱལ་སྤྱིའི་ཉེན་རྟོག་སྒྲིག་འཛུགས་ལ་སྙན་སེང་ཞུས་ནས་ཁོང་གཉིས་གློད་བཀྲོལ་ཐོབ་རྒྱུར་རོགས་རམ་གནང་རྒྱུའི་དགོས་འདུན་བཏོན་ཡོད་པ་རེད། བལ་ཡུལ་གྱི་ས་མཚམས་ཁུལ་གྱི་གཞོན་སྐྱེས་གཉིས་པོ་ཟླ་བ་གཅིག་ཙམ་གྱི་གོང་གར་སོང་ཆ་མེད་དུ་གྱུར་བའི་གནས་ཚུལ་ཕྱི་ཟླ་དྲུག་པའི་ཚེས་༩དང་༡༢་སོ་སོར་གསར་འགྱུར་བརྒྱུད་ལམ་ཁག་ནང་ཐོན་པ་དང་། དེའི་ནང་ཁོང་གཉིས་པོས་བོད་ནས་བཙན་བྱོལ་དུ་ཡོང་མཁན་བོད་མིར་རོགས་རམ་བྱས་པའི་རྐྱེན་གྱིས་རྒྱ་ནག་གཞུང་གིས་འཇུ་བཟུང་བཀག་ཉར་བྱས་ཡོད་པའི་སྐོར་གོ་རྒྱུ་བཏང་ཡོད་འདུག
བལ་ཡུལ་གྱི་གསར་འགྱུར་བརྒྱུད་ལམ་གྱིས་གནས་ཚུལ་སྤེལ་བའི་ནང་། གོར་ཁ་ས་གནས་ཉེན་རྟོག་པས་ཕྱི་ཟླ་དྲུག་པའི་ཚེས་༢༣ཉིན་རྒྱལ་སྤྱིའི་ཉེན་རྟོགས་སྒྲིག་འཛུགས་ལ་དགོས་འདུན་ཡི་གེ་ཞིག་ཕུལ་ཡོད་པའི་ནང་། གོར་ཁ་ས་གནས་ཀྱི་(Chumanubri)་གྲོང་སྡེ་བདུན་པའི་གྲོང་མི་རབ་རྒྱས་བླ་མ་(Rapke Lama)་དང་། སྐར་མ་ཆོས་ལྡན་བླ་མ་(Karma Cheden Lama)་གཉིས་གར་ཡོད་རྩད་གཅོད་ཡོང་ཐབས་རོགས་རམ་གནང་རྒྱུའི་འབོད་སྐུལ་ཞུས་ཡོད་པ་དང་། ཁོང་གཉིས་ཟླ་ཕྱེད་ཙམ་གྱི་གོང་བོད་རང་སྐྱོང་ལྗོངས་ཟེར་བའི་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་ལུགས་དགོས་འདུན་ཡི་གེ་དེའི་ནང་གསལ་འདུག གནས་ཚུལ་དེའི་ནང་ས་གནས་ཉེན་རྟོག་དཔོན་(SP Basudev Pathak)་ཟེར་བས་བརྗོད་པ་ལུང་འདྲེན་བྱས་ཡོད་པའི་ནང་། རྒྱལ་སྤྱིའི་ཉེན་རྟོག་སྒྲིག་འཛུགས་ཀྱིས་པེ་ཅིན་དུ་ཡོད་པའི་རྒྱལ་སྤྱིའི་ཉེན་རྟོག་སྒྲིག་འཛུགས་དང་ཟུང་འབྲེལ་གྱིས་ཁོང་ཚོ་རྩད་གཅོད་ཡོང་རྒྱུའི་ཆེད་མཉམ་ལས་བྱ་རྒྱུ་ཡིན་པའི་སྐོར་བཀོད་ཡོད་འདུག
ཕྱི་ཟླ་ལྔ་པའི་ཚེས་༡༦ཉིན་ས་གནས་འགོ་འཛིན་པ་སངས་བླ་མར་བོད་རང་སྐྱོང་ལྗོངས་ཟེར་བའི་གཞིས་ཀ་རྩེ་ཉེན་རྟོག་ལས་ཁང་གི་ཁ་པར་འབྱོར་ནས་གར་སོང་ཆ་མེད་དུ་གྱུར་བའི་བལ་ཡུལ་གྱི་གྲོང་མི་དེ་གཉིས་གཞིས་ཀ་རྩེའི་ཉེན་རྟོག་པའི་སྟངས་འཛིན་འོག་ཡོད་པའི་སྐོར་བརྗོད་པ་འགོ་འཛིན་དེས་གསར་འགྱུར་རྒྱུད་ལམ་ལ་འགྲེལ་བརྗོད་བྱས་ཡོད་འདུག
གནད་དོན་དེའི་སྐོར་གོར་ཁ་ས་གནས་ཀྱི་གྲོས་ཚོགས་འཐུས་མི་(Rajendra Bajgain)་ཡིས་ཕྱི་ཟླ་དྲུག་པའི་ཚེས་༡༡ཉིན་བལ་ཡུལ་གྲོས་ཚོགས་སུ་སྙན་སེང་ཞུས་ཡོད་པ་རེད།


གསར་འགོད་པ། འཆི་མེད།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎