བལ་ཡུལ་གཞུང་གིས་གློ་སྨོན་ཐང་སྟོད་ཀྱི་བལ་བོད་ས་མཚམས་སུ་ཕྱི་མི་ཞིབ་བཤེར་ལས་ཁུངས་འཛུགས་འཆར་འདུག
བལ་ཡུལ་གྱིས་གློ་སྨོན་ཐང་སྟོད་ཀྱི་བལ་བོད་ས་མཚམས་(Korala)་རུ་ཕྱི་མི་ཞིབ་བཤེར་ལས་ཁུངས་ཤིག་འཛུགས་བསྐྲུན་སྒོ་འབྱེད་བྱེད་འཆར་ཡོད་ལུགས་བསྒྲགས་འདུག་པ་དང་། གློ་སྨོན་ཐང་གི་རྫོང་དཔོན་(Janak Raj Panta)་ཡིས་བརྗོད་ན། ཕྱི་མི་ཞིབ་བཤེར་ལས་ཁུངས་དེ་དངོས་སུ་སྒོ་འབྱེད་གནང་རྗེས། བལ་ཡུལ་གྱི་ཡུལ་མི་ཚང་མས་འཛུལ་ཞུགས་ལག་འཁྱེར་བླངས་ནས་བོད་ནང་འགྲོ་ཐུབ་རྒྱུ་ཡིན་པ་བརྗོད་འདུག
གནས་ཚུལ་འདིའི་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་བལ་ཡུལ་གྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་(HURON)་ལས་བྱེད་བཟང་པོ་ལགས་སུ་བཅར་འདྲི་ཞུས་སྐབས་ཁོང་གིས། ད་ལྟ་བལ་ཡུལ་གཞུང་གིས་ཕྱི་མི་ཞིབ་བཤེར་ལས་ཁུངས་འཛུགས་བསྐྲུན་བྱེད་འཆར་གྱི་ས་ཁུལ་དེ་ནི་གློ་སྨོན་ཐང་གི་བལ་བོད་ས་མཚམས་(Korala)་ཞེས་པ་དེར་ཡིན་ཞིང་། རྒྱ་ནག་གི་ཕྱོགས་ནས་(Korala)་ས་མཚམས་ཀྱི་བོད་ཕྱོགས་སུ་དེ་སྔ་ལོ་གཉིས་ཙམ་གྱི་སྔོན་ནས་དགོས་ངེས་ཀྱི་རྟེན་གཞི་ཁག་འཛུགས་སྐྲུན་བྱས་ཟིན་ཡོད་པ་འགྲེལ་བརྗོད་གནང་བྱུང་།
རྩ་བའི་གློ་སྨོན་ཐང་ནི་དེ་སྔ་བོད་རང་བཙན་གྱི་སྐབས་སུ་བོད་ཀྱི་ས་ཁོངས་ཡིན་པས། ས་ཁུལ་དེར་བོད་ཀྱི་རིག་གནས་ཕུན་སུམ་ཚོགས་པ་ཡོད་ལ། ད་ཆ་བལ་ཡུལ་གྱི་(Gandaki)་མངའ་སྡེའི་ཁོངས་སུ་གཏོགས་ཀྱི་ཡོད་པ་རེད། ཡིན་ནའང་ས་གནས་དེའི་རི་ཁུག་གི་ཡུལ་མི་ཚོས་ནམ་རྒྱུན་འཚོ་བའི་དགོས་མཁོའི་དངོས་ཟོག་སོགས་ཉོ་རྒྱུར་བལ་ཡུལ་ལས་བོད་ཀྱི་ས་མཚམས་ལ་ས་ཐག་ཉེ་བ་ཡོད་པས། དེ་སྔ་རྒྱ་ནག་གཞུང་གིས་ཏོག་དབྱིབས་རིམས་ནད་ཁྱབ་གདལ་རྐྱེན་པས་སྤྱི་ལོ་༢༠༢༠ ཟླ་༡ ནས་བལ་བོད་ས་མཚམས་ཁག་སྒོ་བརྒྱབ་པ་དང་། དེས་བོད་ནང་གི་ཚོང་རར་རྟེན་པའི་བལ་ཡུལ་གྱི་རི་ཁུལ་གྲོང་གསེབ་ཏུ་གནས་པའི་ཡུལ་མི་ཚོར་དཀའ་ངལ་ཆེན་པོ་བཟོས་ཡོད་པ་རེད། (Korala)་ས་མཚམས་ཀྱི་འགྲིམ་འགྲུལ་དེ་མཐར་སྤྱི་ལོ་༢༠༢༣ ཟླ་༡༡ པར་བསྐྱར་དུ་སྒོ་ཕྱེས་ཡོད་པ་རེད།
ད་ཆ་བལ་ཡུལ་ཕྱོགས་ནས་(Korala)་བལ་བོད་ས་མཚམས་སུ་ཕྱི་མི་ཞིབ་བཤེར་ལས་ཁུངས་གསར་འཛུགས་སྒོ་འབྱེད་བྱེད་རྒྱུ་ཡིན་པ་དེས་གློ་སྨོན་ཐང་ཁུལ་གྱི་མི་དམངས་ལ་འཚོ་བའི་མཁོ་དངོས་ཉོ་བདེ་རུ་འགྲོ་རྒྱུ་སོགས་ཀྱི་ཕན་ཐོག་ཡོང་རྒྱུ་ཡིན་པ་བཟང་པོ་ལགས་ཀྱིས་མུ་མཐུད་དུ་གསུང་བྱུང་།
ད་ལྟའི་ཆར་རྒྱ་ནག་ཕྱོགས་ནས་(Korala)་ས་མཚམས་ཀྱི་བོད་ཕྱོགས་སུ་ལས་བྱེད་པ་འདུག་སའི་ཐོག་ཁང་དང་། བདེ་འཇགས་ཞིབ་བཤེར་ས་ཚུགས། མཛོད་ཁང་། དེ་བཞིན་ཉེན་རྟོག་པའི་ས་ཚུགས་དང་དམག་སྒར་སོགས་འཛུགས་བསྐྲུན་ལས་གཞི་རྒྱ་ཆེ་སྤེལ་ཟིན་ཡོད་པ་ཁོང་གིས་མུ་མཐུད་དུ་གསུང་བྱུང་།
ད་དུང་བཟང་པོ་ལགས་ཀྱིས་གསུངས་ན། བལ་ཡུལ་གྱི་ངོས་ནས་མ་འོངས་བར་གློ་སྨོན་ཐང་གི་ཀེ་རོ་ལ་ཕྱི་མི་གཞིས་སྤོས་ཞིབ་བཤེར་ལས་ཁུངས་བརྒྱུད་གངས་རིན་པོ་ཆེར་གནས་མཇལ་འགྲོ་རྒྱུ་སོགས་ཚང་མ་ས་མཚམས་ཀྱི་འགག་སྒོ་དེ་ནས་བྱས་ཏེ་བལ་བོད་ས་མཚམས་ཀྱི་འགག་སྒོ་ཆེས་ཆེ་ཤོས་ཤིག་ཏུ་འཛུགས་བསྐྲུན་བྱེད་རྒྱུའི་འཆར་གཞི་ཡོད་པ་དང་། རྒྱ་ནག་གཞུང་གིས་བལ་བོད་ས་མཚམས་གློ་སྨོན་ཐང་ཁུལ་དུ་དམག་མི་ཆེད་གཏོང་གིས་སུན་གཙེར་བཟོ་བའི་གནས་ཚུལ་ས་མཚམས་གཞན་ལྟར་ནམ་རྒྱུན་ནས་ཡོང་གི་ཡོད་པ་རེད་འདུག
བལ་ཡུལ་གྱི་(The Kathmandupost)་གསར་འགྱུར་ཁང་གིས་ཕྱི་ཟླ་༩ཚེས་༢༢ ཉིན་སྤེལ་བའི་གནས་ཚུལ་ལྟར་ན། གློ་སྨོན་ཐང་ས་གནས་སྲིད་གཞུང་གིས། ཕྱི་མི་གཞིས་སྤོས་ཞིབ་བཤེར་ལས་ཁུངས་དེ་རིང་མིན་སྤྱི་ཟླ་༡༠ པའི་གཟའ་འཁོར་གཉིས་པའི་ནང་འཁེལ་རྒྱུའི་(Dashain)་དུས་ཆེན་གྱི་སྔོན་ལ་སྒོ་འབྱེད་བྱེད་འཆར་ཡོད་ལུགས་བརྗོད་ཡོད་པ་དང་། (Dashain)་ནི་ཧིན་དྷུའི་དུས་ཆེན་གལ་ཆེན་ཞིག་ཡིན་པ་རེད།
གཞན་གློ་སྨོན་ཐང་གི་སྨད་ཕྱོགས་བལ་བོད་ས་མཚམས་ནས་སྤྱི་ལེ་༡༢ཙམ་ལས་མེད་པའི་(Korala)་དང་(Nechung)་ཁུལ་དུ་སྐམ་སའི་གྲུ་ཁ་ཞིག་ཀྱང་འཛུགས་བསྐྲུན་བྱ་རྒྱུ་ཡིན་པ་རེད།
གཞན་འདི་ག་རླུང་འཕྲིན་ཁང་ལ་མིང་འདོན་མ་བྱས་པའི་བལ་ཡུལ་ནང་གནས་བཞུགས་ཕྱི་འབྲེལ་གྱི་ལས་བྱེད་ཅིག་གིས་བརྗོད་ན། ཟླ་བ་བརྒྱད་ཀྱི་ནང་ཚུན་དུ་བལ་བོད་ས་མཚམས་(Korala)་རུ་ཕྱི་མི་གཞིས་སྤོས་ཞིབ་བཤེར་ལས་ཁུངས་ཤིག་འཛུགས་རྒྱུའི་གནས་ཚུལ་ཡོད་པ་དང་། བལ་ཡུལ་ཕྱོགས་སུ་རྨང་གཞིའི་རྟེན་གཞི་མེད་པའི་རྐྱེན་གྱིས་(Korala)་ས་མཚམས་རང་དུ་གཞིས་སྤོས་ལས་ཁུངས་འཛུགས་རྒྱུ་ཁག་པོ་ཡིན་ཡང་། ས་མཚམས་ནས་སྤྱི་ལེ་༢༤ ཙམ་གྱི་སར་ཡོད་པའི་(Nechung)་རུ་འཛུགས་སྲིད་པ་ཡིན་ཞིང་། (Nechung)་དུ་བལ་ཡུལ་གྱི་ས་མཚམས་བདེ་འཇགས་ལས་བྱེད་འགྲེམས་འཇོག་བྱས་ཡོད་པ་དག་ཉིན་མོར་ས་མཚམས་སུ་འགྲོ་གི་ཡོད་ལུགས་འགྲེལ་བརྗོད་གནང་བྱུང་།
དེ་བཞིན་སྤྱི་ལོ་༢༠༠༠ ལོར་དཔལ་རྒྱལ་དབང་ཀརྨ་པ་མཆོག་བཙན་བྱོལ་དུ་ཕེབས་པ་ནས་བཟུང་། (Korala)་ས་མཚམས་བརྒྱུད་བོད་མི་གཅིག་ཀྱང་བཙན་བྱོལ་དུ་བསྐྱོད་བཅུག་གི་མེད་པ་དང་། བོད་མི་གཅིག་གམ་གཉིས་ཙམ་གྱིས་(Korala)་ཀེ་རོ་ལ་ས་མཚམས་བརྒྱུད་བོད་ནང་འཛུལ་ཐབས་བྱས་པ་སྙན་ཐོའི་ནང་ཡོད་ཀྱང་། བོད་མི་དེ་དག་རྒྱ་ནག་གི་ཉེན་རྟོག་པས་བལ་ཡུལ་དུ་ཕྱིར་ལོག་བཏང་ཡོད་ལུགས་བརྗོད་འདུག
གསར་འགོད་པ། བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།