རྒྱ་ནག་གཞུང་གིས་བོད་དང་བལ་ཡུལ་ཀྱི་ས་མཚམས་འགག་སྒོ་བཅུ་བཞི་སྒོ་འབྱེད་རྒྱུ་ཡིན་འདུག

2024.04.02
རྒྱ་ནག་གཞུང་གིས་བོད་དང་བལ་ཡུལ་ཀྱི་ས་མཚམས་འགག་སྒོ་བཅུ་བཞི་སྒོ་འབྱེད་རྒྱུ་ཡིན་འདུག བལ་བོད་ས་མཚམས་འགྲམ་འགག་སྒོ ༠༥།༢༩།༢༠༡༩
མཐུན་འགྱུར་པར་རིས།/RFA

རྒྱ་ནག་གཞུང་གི་ཕྱོགས་ནས་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་སྐབས་སྒོ་རྒྱབ་པའི་བོད་དང་བལ་ཡུལ་གཉིས་ཀྱི་ས་མཚམས་ཁུལ་གྱི་འགག་སྒོ་༡༤སྒོ་ཕྱེ་རྒྱུའི་ཁས་ལེན་བྱས་ཡོད་པ་བལ་ཡུལ་དུ་བཅའ་སྡོད་རྒྱ་ནག་གཞུང་ཚབ་པ་(Chen Song)་གིས་སྤྱི་ཚོགས་དྲྭ་རྒྱ་ (X)་ཞེས་པའི་ཐོག་བཀོད་པ་མཉམ་དེ་ནི་རྒྱ་ནག་དང་བལ་ཡུལ་གཉིས་བར་ལ་ཚོང་དང་། མ་རྩ་འཛུགས་པ་སོགས་ཕྱོགས་གཉིས་ཀྱི་འབྲེལ་བ་ཡར་རྒྱས་གཏོང་རྒྱུའི་ཆེད་དུ་དམིགས་པ་བརྗོད་འདུག
དེ་སྔ་རྒྱ་ནག་ཝུའུ་ཧན་ནས་ཐོག་མར་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་བྱུང་རྗེས། རྒྱ་ནག་གཞུང་གིས་བལ་ཡུལ་དང་བོད་ཀྱི་ས་མཚམས་ཀྱི་འགག་སྒོ་ཁག་ད་ལྟ་བར་སྒོ་རྒྱབ་ཡོད་པ་རེད། འདས་པའི་ལོ་ཤས་ནང་བལ་ཡུལ་གྱི་གཞུང་འཛིན་སྔོན་མས་རྒྱ་གར་གཞུང་དང་འབྲེལ་ཐག་ཉེ་རུ་གཏོང་ཐབས་བྱས་པའི་དབང་གིས་རྒྱ་ནག་གཞུང་གིས་ས་མཚམས་ཁག་སྒོ་རྒྱབ་ནས་བཞག་པ་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་འདུག
ད་ཆ་བལ་ཡུལ་གྱི་གཞུང་འཛིན་མཁན་གྱི་ཚོགས་པ་དང་མི་སྣ་གཏན་འཁེལ་ཟིན་པ་ཡིན་སྟབས། ཕྱི་ཟླ་༣་ཚེས་༢༩་ཉིན་རྒྱ་ནག་གཞུང་ངོས་ནས་བོད་དང་བལ་ཡུལ་གཉིས་བར་གྱི་རྒྱུན་སྲོལ་ལྟར་གྱི་ས་མཚམས་ཀྱི་འགག་སྒོ་ཁག་༡༤སྒོ་འབྱེད་རྒྱུའི་ཁས་ལེན་བྱས་བ་དང་། ཡུལ་གྲུ་གཉིས་བར་ཚོང་འབྲེལ་གྱི་ཆེད་དུ་ཙམ་མ་ཡིན་པར་མི་མང་རྣམས་ཡུལ་གྲུ་ཕན་ཚུན་གྱི་ནང་འགྲོ་བསྐྱོད་ཆོག་པའི་ཁས་ལེན་ཡང་བྱས་ཡོད་སྐོར་བལ་ཡུལ་གྱི་གསར་ལས་ཁང་ཁག་གིས་གནས་ཚུལ་སྤེལ་ཡོད་འདུག དེ་ནི་གཙོ་བོ་ཉེ་དུས་བལ་ཡུལ་གྱི་སྲིད་བློན་གཞོན་པ་དང་ཕྱི་སྲིད་དྲུང་ཆེ་(Narayan Kaji Shrestha)་ལགས་རྒྱ་ནག་དང་། བོད་ཀྱི་རྒྱལ་ས་ལྷ་སར་འཚམས་གཟིགས་ལ་ཕེབས་སྐབས། བོད་རང་སྐྱོང་ལྗོངས་ཟེར་བའི་རྒྱ་ནག་དམར་ཤོག་ཚོགས་པའི་དྲུང་ཆེ་(Wang Junzheng)་ལ་ཐུག་འཕྲད་བྱས་སྐབས་སྐུལ་ལྕགས་གནང་བ་ལྟར། མཐའ་མཚམས་ཀྱི་འགག་སྒོ་སྒོ་འབྱེད་རྒྱུའི་ཐད་ཁོ་པས་ཁས་ལེན་བྱས་པ་ཞིག་ཡིན་འདུག
ཐུག་འཕྲད་དེའི་རྗེས་སུ་བོད་ཀྱི་རྒྱལ་ས་ལྷ་སར་ཡོད་པའི་བལ་པོའི་གཞུང་ཚབ་ཀྱིས་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། ཕྱི་ཟླ་༣་ཚེས་༢༩་ཉིན་བལ་ཡུལ་དང་བོད་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་དཔོན་རིགས་ཐུག་འཕྲད་སྐབས། འགག་སྒོ་ཁག་སྒོ་འབྱེད་རྒྱུར་མོས་མཐུན་བྱུང་ལུགས་བརྗོད་འདུག་ལ། དེ་བཞིན་དུ་བལ་ཡུལ་ནང་ཡོད་པའི་རྒྱ་ནག་གི་གཞུང་ཚབ་(Chen Song)་གྱིས་ཡུལ་གྲུ་ཕྱོགས་གཉིས་བར་གྱི་རྒྱུན་སྲོལ་གྱི་ས་མཚམས་ཀྱི་ཚོང་འབྲེལ་དགག་སྒོ་ཁག་འཕྲལ་དུ་སྒོ་ཕྱེ་རྒྱུའི་མོས་མཐུན་བྱུང་ལུགས་དང་། དེར་བརྟེན་རྒྱ་ནག་དང་བལ་ཡུལ་གཉིས་ཀྱི་ཚོང་འབྲེལ་དང་མ་རྩ་འཛུགས་རྒྱུ། ཡུལ་སྐོར་སྤྲོ་འཆམ་གྱི་ལས་དོན། དེ་བཞིན་ཡུལ་གྲུ་གཉིས་ཀྱི་འབྲེལ་ལམ་གྱི་ཚད་གཞི་མཐོ་པོ་གསར་པར་སླེབས་རྒྱུ་ཡིན་ལུགས་སྤྱི་ཚོགས་དྲྭ་རྒྱ་(X)་ཐོག་བཀོད་ཡོད་འདུག
བལ་ཡུལ་གྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་(HURON)་ལས་བྱེད་བཟང་པོ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། བོད་དང་བལ་ཡུལ་ཀྱི་ས་མཚམས་འགག་སྒོ་དེ་དག་སྔོན་མ་ནས་ཡོད་པ་དང་། ༢༠༢༠ལོར་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་བྱུང་བ་དང་རྒྱ་ནག་གིས་སྒོ་རྒྱབ་པ་རེད། རྗེས་སུ་ནད་ཡམས་ཁྱབ་གདལ་ཞི་འཇམ་སོང་བ་དང་མཉམ་ས་མཚམས་འགག་སྒོ་ཁག་ཅིག་རིམ་པས་སྒོ་ཕྱེ་ཡོད་ཀྱང་འགག་སྒོ་ཁག་དགུ་ད་བར་དུ་སྒོ་རྒྱབ་པ་རེད། ཡིན་ན་ཡང་ད་རེས་བལ་ཡུལ་གྱི་སྲིད་བློན་གཞོན་པ་དང་ཕྱི་སྲིད་དྲུང་ཆེ་(Narayan Kaji Shrestha)་ལགས་རྒྱ་ནག་ལ་འཚམས་གཟིགས་རྗེས་ས་མཚམས་ཀྱི་འགག་སྒོ་དེ་དག་སྒོ་ཕྱེ་རྒྱུའི་མོས་མཐུན་བྱུང་ཚུལ་བསྒྲགས་པ་ལས་ག་དུས་སྒོ་ཕྱེ་མིན་སོགས་གསལ་བོ་མི་འདུག གང་ལྟར་ས་མཚམས་ཚང་མ་སྒོ་ཕྱེ་བ་ཡིན་ན་མཐའ་མཚམས་གྲོང་གསེབ་ཡུལ་མི་དག་ལ་ཕན་ཐོགས་ཡོང་རྒྱུ་ཡིན་པ་གསལ་བོ་ཡིན་པ་གསུངས་བྱུང་།
ཡང་བལ་ཡུལ་དགེ་ལྡན་ཆོ་འཕྲུལ་སྨོན་ལམ་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་(Acharya)་བསྟན་འཛིན་ལགས་ཀྱིས་དེའི་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། སྤྱིར་བལ་ཡུལ་ནང་གི་བོད་མི་ཚོར་མཚོན་ན་ཕྱོགས་གང་ཐད་ནས་དམ་དྲག་ཆེན་པོ་རེད། དེ་བས་ས་མཚམས་སྒོ་ཕྱེ་བའི་རྒྱུ་མཚན་ལ་བརྟེན་བལ་ཡུལ་ནང་གི་བོད་མི་དང་བོད་ནང་གི་བོད་མི་ཚོ་འགྲོ་བསྐྱོད་སྟབས་བདེ་རུ་ཡོང་རྒྱུ་བཤད་ཁག་པོ་རེད། ཡིན་ན་ཡང་བལ་ཡུལ་གྱི་ཡུལ་མི་དང་ལྷག་པར་བལ་ཡུལ་མཐའ་མཚམས་ཀྱི་ཡུལ་མི་ཚོའི་འགྲོ་བསྐྱོད་དང་ཚོང་ལས་སོགས་སྟབས་བདེ་རུ་འགྲོ་རྒྱུ་ཡིན་པ་གསུངས་བྱུང་།
དེ་སྔ་རྒྱ་ནག་ཝུའུ་ཧན་ནས་ཐོག་མར་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་བྱུང་རྗེས། རྒྱ་ནག་གཞུང་གིས་རྒྱ་ནག་ནང་ཁུལ་དང་མཐའ་མཚམས་ཁག་ཏུ་དམ་དྲག་ཤུགས་ཆེ་བྱས་པ་ཁག་འདས་ཟིན་པའི་གནས་ཚུལ་ཞིག་ཡིན་པ་དང་། རྒྱ་ནག་གཞུང་གིས་རྒྱ་ནག་གི་དཔལ་འབྱོར་ཡར་རྒྱས་གོང་འཕེལ་གཏོང་ཐབས་སྤྱི་དང་། ལྷག་དོན་རྒྱ་ནག་ནང་གི་ཡུལ་སྐོར་སྤྲོ་འཆམ་གྱི་ཁེ་གཉེར་རྒྱ་བསྐྱེད་གཏོང་ཐབས་སུ་དམིགས་ཏེ་ཕྱིའི་རྒྱལ་ཁབ་མང་པོ་ཞིག་གི་མི་སེར་རྣམས་རྒྱ་ནག་ནང་ཐོངས་ཆེན་(Visa)་ཞུ་མི་དགོས་བར་འགྲོ་བསྐྱོད་ཆོག་པ་བཟོ་བཞིན་པ་རེད།
བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་(Shrestha)་ལགས་ཀྱིས་བོད་རང་སྐྱོང་ལྗོངས་ཅེས་འབོད་པའི་རྒྱ་ནག་དམར་ཤོག་ཚོགས་པའི་དྲུང་ཆེ་དང་ཐུག་འཕྲད་སྐབས། བོད་ནང་ཡོད་པའི་སྟོད་གངས་རིན་པོ་ཆེ་དང་མ་ཕམ་གཡུ་མཚོ་གཉིས་སུ་གནས་མཇལ་ཆེད་མི་མང་རྣམས་འགྲོ་བསྐྱོད་ཆོག་པའི་སྐོར་ཡང་གླེང་སློང་གནང་སྐོར་བདུན་ཕྲག་སྔོན་མའི་ནང་གནས་ཚུལ་གསལ་བསྒྲགས་བྱས་འདུག རྒྱ་ནག་གི་བཀག་འགོག་ལ་བརྟེན་བལ་ཡུལ་བརྒྱུད་ནས་འགྲུལ་བཞུད་བྱེད་མཁན་མེད་པར་གྱུར་བའི་དབང་གིས་བལ་ཡུལ་གྱི་ཡུལ་སྐོར་སྤྲོ་འཆམ་པའི་ཚོང་ལས་ལ་གྱོང་གུན་བྱུང་བཞིན་ཡོད་པའི་བློ་ཚབས་ཡོད་པ་བསྟན་ཡོད་འདུག
བལ་ཡུལ་གྱི་སྲིད་བློན་གཞོན་པ་དང་ཕྱི་སྲིད་བློན་ཆེན་གཅིག་ལྕོགས་ཡིན་པ་(Sherstha)་ལགས་ཀྱིས་འདི་ལོའི་ཕྱི་ཟླ་༣་པའི་འགོ་སྟོད་ལ་ལས་གནས་ཐུགས་འགན་དེ་བཞེས་པ་དང་། དེ་ནས་ཕྱི་ཟླ་༣ཚེས་༢༥ནས་ཉིན་གྲངས་དགུའི་རིང་རྒྱ་ནག་ནང་འཚམས་གཟིགས་ལ་ཕེབས་སྐབས། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡིས་དང་ཐུག་འཕྲད་བྱས་པའི་རྗེས་སུ། ཕྱི་ཚེས་༢༩་ཉིན་བོད་ཀྱི་རྒྱལ་ས་ལྷ་སར་ཕེབས་འབྱོར་བྱུང་ནས་བོད་རང་སྐྱོང་ལྗོངས་ཟེར་བའི་རྒྱ་ནག་དམར་ཤོག་ཚོགས་པའི་དྲུང་ཆེ་(Wang Junzheng)་གིས་བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་གྱིས་སྣེ་འཁྲིད་གནང་བའི་སྐུ་ཚབ་འཐུས་མི་རྣམས་ལ་གསོལ་སྟོན་བཤམ་ཡོད་འདུག
བལ་ཡུལ་ནི་བོད་མི་བཙན་བྱོལ་བ་མང་པོ་ཞིག་བོད་ནས་བྲོས་བྱོལ་དུ་ཡོང་སྐབས། ཐོག་མར་སྣེ་ལེན་ཞུ་ཡུལ་གྱི་ཡུལ་གྲུ་གལ་ཆེ་ཞིག་ཆགས་ཡོད་པ་དང་། དེ་བཞིན་བལ་ཡུལ་དུ་བོད་མི་མང་པོ་གནས་སྡོད་བྱེད་བཞིན་ཡོད། དེ་བས་རྒྱ་ནག་གཞུང་གི་བལ་ཡུལ་ལ་བོད་ཀྱི་གནད་དོན་དང་འབྲེལ་ཕྱོགས་མང་པོ་ནས་གནོན་ཤུགས་སྤྲོད་བཞིན་ཡོད་ལ། བལ་བོད་ས་མཚམས་ཀྱི་རྒྱ་ནག་གི་མཐའ་སྲུང་དམག་གིས་བོད་མི་བྲོས་བྱོལ་བའི་ཐོག་མེ་མདའ་རྒྱབ་ནས་བསད་པ་དང་། བལ་ཡུལ་གཞུང་གིས་བལ་ཡུལ་ནང་འབྱོར་བའི་བོད་མི་བྲོས་བྱོལ་བ་མི་ཉུང་བ་ཞིག་ཕྱིར་རྒྱ་ནག་ལ་རྩིས་སྤྲོད་བྱས་བའི་གནས་ཚུལ་སོགས་བྱུང་ཡོད་ལ། ལྷག་པར་༢༠༠༨་ལོའི་བོད་ནང་གི་ས་བྱི་ཞི་རྒོལ་ཆེན་མོའི་སྐབས་བལ་ཡུལ་ནང་གནས་སྡོད་བྱེད་མཁན་བོད་མི་ཚོས་ཟླ་ངོ་དྲུག་ཙམ་རིང་མཚམས་མ་བཞག་པར་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་ངོ་རྒོལ་བྱས་བ་སོགས་ལ་བརྟེན་དེའི་རྗེས་ནས་བལ་ཡུལ་གཞུང་གིས་བལ་ཡུལ་ནང་གནས་སྡོད་བོད་མི་ཚོའི་ཆབ་སྲིད་ཀྱི་ལས་འགུལ་རིགས་ལ་དམ་དྲག་ཇེ་ཆེར་བཏང་ཡོད་པ་མ་ཟད། མཚམས་རེར་ཆོས་ཕྱོགས་ཀྱི་བྱེད་སྒོ་རིགས་སྤེལ་བར་ཡང་བཀག་འགོག་དང་ཚོས་འཛིན་བྱེད་བཞིན་པ་རེད།


གསར་འགོད་པ། སེང་གེ་རི་བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎