བལ་ཡུལ་གྱི་སྲིད་བློན་གྱིས་བལ་ཡུལ་ནང་རྒྱ་ནག་གི་ལྟ་སྤྱོད་དང་མི་མཐུན་པའི་ལས་འགུལ་རིགས་སྤེལ་འཇུག་རྒྱུ་མིན་པ་བསྐྱར་དུ་ཁས་ལེན་བྱས་ཡོད་འདུག

2024.10.21
བལ་ཡུལ་གྱི་སྲིད་བློན་གྱིས་བལ་ཡུལ་ནང་རྒྱ་ནག་གི་ལྟ་སྤྱོད་དང་མི་མཐུན་པའི་ལས་འགུལ་རིགས་སྤེལ་འཇུག་རྒྱུ་མིན་པ་བསྐྱར་དུ་ཁས་ལེན་བྱས་ཡོད་འདུག བལ་ཡུལ་གྱི་སྲིད་བློན་(K.P Sharma Oli)་ཡིས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་(Wang Yi)་དང་ཐུག་འཕྲད་སྐབས། ༠༩།༢༦།༢༠༢༤
X@kpsharmaoli

འདི་ཚེས་༢༠ཉིན་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཕྱི་ཚེས་༢༠ ཉིན་བལ་ཡུལ་གྱི་སྲིད་བློན་(K.P Sharma Oli)་ཡིས། ཁོང་རང་ཉིད་ཀྱི་སྡོད་གནས་སུ་རྒྱ་ནག་དམར་ཤོག་ཚོགས་པའི་དབུས་ཆབ་སྲིད་ལྷན་ཁང་གི་ཁོངས་མི་ Chen Jining་གིས་འགོ་ཁྲིད་པའི་རྒྱ་ནག་གི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་ཞིག་དང་ལྷན་དུ་ཐུག་འཕྲད་ཀྱིས་ཚོགས་འདུ་ཞིག་ཚོགས་ཡོད་པ་དང་། སྐབས་དེར་སྲིད་བློན་ཨོ་ལི་ཡིས་བལ་ཡུལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཆེད་དུ་རྒྱ་ནག་གི་ཕྱོགས་ནས་མུ་མཐུད་དུ་རོགས་སྐྱོར་ཡོང་བའི་རེ་སྐུལ་བྱས་པ་མ་ཟད། བལ་ཡུལ་ནང་རྒྱ་ནག་གི་ལྟ་སྤྱོད་དང་མི་མཐུན་པའི་ལས་འགུལ་སྤེལ་འཇུག་རྒྱུ་མིན་པའི་ཁས་ལེན་བྱས་ཡོད་པའི་ཁར། དེ་སྔོན་ནས་འཛིན་བཞིན་པའི་རྒྱ་ནག་གཅིག་གི་སྲིད་བྱུས་ལ་མུ་མཐུད་དུ་དམ་བཅའ་བརྟན་པོ་ཡོད་ལུགས་བསྐྱར་ནན་བྱས་པའི་སྐོར་གནས་ཚུལ་སྤེལ་འདུག
དེའི་སྐོར་བལ་ཡུལ་གྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་བཟང་པོ་ལགས་ཀྱིས། རྒྱ་ནག་གི་སྐུ་ཚབ་ཚོགས་པ་དང་གཟིགས་སྐོར་ཚོགས་པ་སོགས་ཡང་ཡང་བལ་ཡུལ་ནང་ཡོང་གི་འདུག་ལ། བལ་ཡུལ་ནས་སྐུ་ཚབ་ཚོགས་པ་དེ་འདྲ་རྒྱ་ནག་ལ་ཡང་ཡང་འགྲོ་བཞིན་འདུག ཡིན་ཡང་ད་རེས་ཕྱོགས་གཉིས་ཀྱི་དཔོན་རིགས་བར་ཐུག་འཕྲད་སྐབས་ཞིབ་ཕྲའི་སྐད་ཆ་ག་རེ་བཤད་ཡོད་མེད་ད་ལྟའི་ཆར་ཕྱི་ཕྱོགས་ནས་ཤེས་རྟོགས་གང་ཡང་མེད་པའི་སྐོར་འདི་ག་རླུང་འཕྲིན་ཁང་དུ་འགྲེལ་བརྗོད་གནང་བྱུང་།
གསར་ལམ་ཁག་ནང་གནས་ཚུལ་ཐོན་པར་གཞིགས་ན། བལ་ཡུལ་གྱི་སྲིད་བློན་ཨོ་ལི་རང་ཉིད་བལ་ཡུལ་གྱི་མར་ཁེ་སི་ལེ་ཉིན་མཉམ་འབྲེལ་དམར་ཤོག་ཚོགས་པའི་གཙོ་འཛིན་ཡིན་སྟབས། ཚོགས་པ་དེས་རྒྱ་ནག་དམར་ཤོག་ཚོགས་པ་དང་སྔར་ལས་ལྷག་པའི་འབྲེལ་བ་ཤུགས་ཆེ་རུ་གཏོང་རྒྱུའི་སྐོར་བལ་ཡུལ་གྱི་སྲིད་བློན་ནས་བརྗོད་ཡོད་པ་དང་། དེ་བཞིན་བལ་ཡུལ་གཞུང་གིས་གཞུང་དང་གཞུང་། མི་མང་དང་མི་མང་། དེ་བཞིན་ལོ་རྒྱུས་ཀྱི་འབྲེལ་ལམ་མཚོན་པའི་ཚོང་འབྲེལ་སོགས་ཀྱི་སླད་དུ་ཕན་ཚུན་བར་ཆེས་མཐོའི་སྐུ་ཚབ་ཚོགས་པ་ཁག་གཏོང་རེས་ཀྱིས་ལས་དོན་རྒྱ་ཆེ་རུ་གཏོང་རྒྱུ་ཡིན་ལུགས་བརྗོད་ཡོད་པའི་སྐོར་བཀོད་ཡོད་འདུག་ལ་། བལ་ཡུལ་གྱི་སྲིད་བློན་ཨོ་ལི་ཡིས་བལ་ཡུལ་གྱི་ཆབ་སྲིད་ཚོགས་པ་ཆེ་ཤོས་གཉིས་སྟེ། མར་ཁེ་སི་ལེ་ཉིན་མཉམ་འབྲེལ་དམར་ཤོག་ཚོགས་པ་དང་། བལ་ཡུལ་ཀོང་རེ་སི་གི་མཉམ་འབྲེལ་སྲིད་གཞུང་ལས་རྒྱལ་ཁབ་ནང་ཆབ་སྲིད་ཀྱི་བརྟན་ལྷིང་བཟོ་རྒྱུའི་དམིགས་ཡུལ་བཟུང་ཡོད་སྐོར་བརྗོད་ཡོད་པའི་སྐོར་ཡང་གནས་ཚུལ་ནང་བཀོད་འདུག བལ་ཡུལ་གྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་བཟང་པོ་ལགས་ཀྱིས། རྒྱ་ནག་གཞུང་གིས་བལ་ཡུལ་ནང་ཕྱོགས་མང་པོ་ཞིག་ནས་ཤུགས་རྐྱེན་བཟོ་བཞིན་པའི་ཐོག་དམིགས་བསལ་བལ་ཡུལ་གྱི་ཆབ་སྲིད་ཚོགས་པ་ཁག་གཅིག་སྒྲིལ་ཡོང་ཐབས་ཀྱིས་རྒྱ་ནག་རང་ཉིད་ཀྱི་ཆབ་སྲིད་དམིགས་ཡུལ་སྒྲུབ་ཐབས་བྱེད་ཀྱི་ཡོད་པའི་སྐོར་གསུངས་བྱུང་།
ཡང་རྒྱ་ནག་གི་སྐུ་ཚབ་དང་བལ་ཡུལ་གྱི་གཞུང་འཛིན་དཔོན་རིགས་བར་གྱི་ཐུག་འཕྲད་དེའི་སྐབས། རྒྱ་ནག་ཕྱོགས་ཀྱི་འགོ་ཁྲིད་(Chen Jining)་གིས་རྒྱ་ནག་ཕྱོགས་ནས་བལ་ཡུལ་ལ་རྒྱབ་སྐྱོར་ཡོད་ལུགས་དང་། བལ་ཡུལ་གྱི་ཆབ་སྲིད་ཚོགས་པས་ཐག་གཅོད་ཇི་བྱས་ལ་གུས་བརྩི་བྱ་རྒྱུ་ཡིན་ལུགས་བརྗོད་ཡོད་ཀྱང་། བལ་ཡུལ་གཞུང་གི་རེ་བ་ལྟར་རྒྱ་ནག་གིས་བལ་ཡུལ་ལ་བརྒྱུད་གཅིག་ལམ་གཅིག་གི་འཛུགས་སྐྲུན་ལས་གཞིའི་ཐོག་ནས་བུ་ལོན་གཡར་པོ་གཏོང་རྒྱུ་ལས་བལ་ཡུལ་གྱི་ཆེད་རོགས་རམ་མ་དངུལ་སྤྲོད་ཀྱི་མེད་པའི་སྐོར་བཟང་པོ་ལགས་ཀྱིས་མུ་མཐུད་དུ་གསུངས་བྱུང་།

Nepal police.jpg
བལ་ཡུལ་ནང་བོད་མི་ཚོས་རྒྱ་ནག་གཞུང་ལ་ངོ་རྒོལ་སྐབས་ཉེན་རྟོག་པས་འཛིན་བཟུང་། ༢༠༠༨།༦།༥ པར། Lhuboom/RFA


སྤྱིར་བལ་ཡུལ་གཞུང་ལ་རྒྱ་ནག་གཞུང་གི་གནོན་ཤུགས་འོག་སྲིད་བྱུས་སོགས་ལའང་འགྱུར་བ་ཐེབས་ཀྱི་ཡོད་པའི་ཁར། ལྷག་པར་བལ་ཡུལ་དང་རྒྱ་ནག་གཉིས་བར་གྱི་འབྲེལ་ལམ་ཤུགས་ཆེར་ཕྱིན་པའི་ཁྲོད། བལ་ཡུལ་ནང་དུ་གནས་སྡོད་བོད་མི་ཚོར་སྐྱབས་བཅོལ་ལག་འཁྱེར་སྤྲོད་རྒྱུ་མཚམས་འཇོག་བྱས་ཡོད་པ་དང་། ཤེས་ཡོན་དང་ལས་ཀའི་གོ་སྐབས་ཉུང་དུ་ཕྱིན་པ། བོད་མི་རྣམས་གཞིས་སྤོས་བྱ་རྒྱུར་འགོག་རྐྱེན་བཟོ་བ། དེ་བཞིན་བོད་ནས་བལ་ཡུལ་བརྒྱུད་བཙན་བྱོལ་དུ་ཕེབས་མཁན་རྣམས་ཕྱིར་ལོག་དང་རྒྱ་གར་དུ་བསྐྱོད་རྒྱུར་བཀག་སྡོམ་བྱེད་པ་སོགས་ཕྱོགས་ཡོངས་ནས་བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་དམ་དྲག་ཆེན་པོ་བྱེད་བཞིན་ཡོད་པ་མ་ཟད། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་དང་། གསུམ་བཅུའི་དུས་དྲན་སོགས་བོད་ཀྱི་གནད་དོན་དང་འབྲེལ་བའི་དུས་ཚིགས་གལ་ཆེན་ཁག་སྲུང་བརྩི་བྱེད་པར་ཡང་དམ་དྲག་ཤུགས་ཆེ་བྱེད་ཀྱིན་ཡོད་པ་སོགས་བལ་ཡུལ་ནང་གནས་སྡོད་གནང་མཁན་གྱི་བོད་མི་རྣམས་ལ་ཆབ་སྲིད་ཀྱི་དཀའ་ངལ་རིམ་པ་འཕྲད་བཞིན་ཡོད་པ་རེད།


གསར་འགོད་པ། འཆི་མེད།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎