སྤྱི་ནོར་༧གོང་ས་མཆོག་གི་སྐུའི་ཞབས་པུས་སྨན་བཅོས་ལེགས་འགྲུབ་ཀྱིས་ད་ཆ་སྐུ་ངལ་གསོ་བཞིན་པ་རེད།

ཨ་རིའི་ནིའུ་ཡོག་གི་(Hospital of special surgery)་ཞེས་དམིགས་བསལ་བཤག་བཅོས་སྨན་ཁང་དུ་བོད་མིའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་ཞབས་པུས་དངོས་སུ་སྨན་བཅོས་ལེགས་འགྲུབ་བྱུང་རྗེས། ད་ལྟའི་ཆར་༧གོང་ས་མཆོག་གིས་སྐུ་ངལ་གསོ་བཞིན་ཡོད་པ་དང་། ཕྱི་ཟླ་༦པའི་ཚེས་༣༠་ཉིན་ཨ་རིའི་ནིའུ་ཡོག་དང་ནིའུ་ཇར་སིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་མི་བཅུ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་རྒྱལ་བ་རིན་པོ་ཆེ་མཆོག་ནིའུ་ཡོག་གི་བཞུགས་གནས་མགྲོན་ཁང་དུ་ཆེད་བཅར་ཞུས་ནས། ༧གོང་ས་མཆོག་གི་སྐུ་འཁོར་དུ་ཕེབས་པའི་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་རྣམ་གཉིས་དང་། བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དང་ལས་བྱེད་སོགས་འཛོམས་པའི་སྒོ་ནས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་རྒྱལ་བ་རིན་པོ་ཆེ་མཆོག་ལ་དད་དམ་གཡོ་མེད་ཀྱི་འཚམས་འདྲི་ཞུས་ཡོད་པའི་སྐོར་གྱི་གནས་ཚུལ་ཞིག་བོད་རིགས་སྤྱི་མཐུན་ཚོགས་པའི་ངོ་དེབ་ཐོག་སྤེལ་འདུག
དེའི་ཐད་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ནོར་བུ་ཚེ་རིང་ལགས་སུ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་ཁ་པར་བརྒྱུད་བཅར་འདྲི་ཞུས་པར། ཁོང་གིས། ད་རེས་༧སྐུའི་ཞབས་པུས་དངོས་སུ་སྨན་བཅོས་ལེགས་འགྲུབ་བྱུང་ཡོད་པ་ནི། འཛམ་གླིང་གང་སར་ཡོད་པའི་བོད་མི་གཙོས་དད་ལྡན་པ་ཚང་མ་དགའ་སྤྲོ་སྐྱེས་དགོས་བའི་གནས་ཚུལ་ཞིག་ཡིན་དུས། ང་ཚོ་ས་གནས་ས་ཐོག་ལ་ཡོད་མཁན་འགན་འཁུར་མཁན་ཚོས་སྤྱི་ནོར་༧གོང་ས་སྐྱབས་མགོན་རྒྱལ་བ་རིན་པོ་ཆེ་མཆོག་ལ་དད་དམ་གཡོ་མེད་ཀྱིས་འཚམས་འདྲི་ཞུས་བ་ཡིན་པ་དང་། དེ་ཡང་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་རྣམ་པ་བརྒྱུད་འཚམས་འདྲིའི་གསོལ་འདེབས་ཀྱི་ཡི་གེའི་ནང་། ད་ལམ་༧གོང་ས་མཆོག་སྐུའི་ཞབས་པུས་སྨན་བཅོས་ལེགས་གྲུབ་བྱུང་སྟེ་གུས་ཅག་བོད་མི་ཡོངས་དང་། འཛམ་གླིང་གང་སར་གནས་འཁོད་མགོན་པོ་གང་ལ་དད་གུས་ལྷག་པར་ཆེ་བ་རྣམས་ཀྱི་ཡིད་ལ་དགའ་ཚོར་དཔག་མེད་བྱུང་བ་དང་། ལྷག་པར་མགོན་པོ་གང་གི་སྨན་བཅོས་གང་མྱུར་དྲག་སྐྱེད་ཡོང་བའི་གསོལ་འདེབས་ཞུས་པ་དང་། ལྷན་སྐུའི་འཁྲུངས་སྐར་ལ་དགའ་དད་སྤྲོ་གསུམ་གྱིས་དམིགས་བསལ་བཀྲིས་སྨོན་འདུན་ཞུས་ཤིང་། སླད་འགྲོ་བའི་དོན་དུ་སྐུ་ཚེ་རྡོ་རྗེའི་ཁམས་སུ་བརྟན་པའི་གསོལ་འདེབས་ཞུས་འདུག
དེར་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་གཙོ་བོར་གྱུར་པའི་སྐུ་འཁོར་རྣམ་པས་ཕྱག་ལས་ཧ་ཅང་ལེགས་པོ་གནང་བཞིན་པར་ཐུགས་རྗེ་ཞུས་ཡོད་པ་དང་། ད་ལྟའི་ཆར་མི་སུ་གང་ལ་ཡང་མཇལ་ཁའི་མཛད་འཆར་སོགས་གནང་གི་མེད་པར་མགོན་པོ་གང་ཉིད་སྐུ་ངལ་གསོ་བཞིན་པ་འདི་ནི་ཤིན་ཏུ་གལ་འགངས་ཆེན་པོ་ཡིན་པ་བཅས་འགྲེལ་བརྗོད་གནང་བྱུང་།
འབྱུང་འགྱུར་ནིའུ་ཡོག་ས་གནས་སུ་གཙོ་བོ་སྐུ་ཕྱྭའི་ཞབས་རིམ་དང་འབྲེལ་ནས་ཆོས་ཕྱོགས་ཀྱི་བྱེད་སྒོ་གཙོ་བོར་གྱུར་བའི་སྒོ་ནས་ཉིན་མ་གསུམ་ལ་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་རྒྱུ་ཡིན་པ་རེད་འདུག
གསར་འགོད་པ། བློ་བཟང་ཆོས་འཕེལ།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།