ཨ་རིས་བོད་རྒྱ་ཞི་འགྲིག་གི་གྲོས་མོལ་སླར་གསོ་ཡོང་དགོས་བ་རྒྱ་ནག་ལ་སྐུལ་མ་གནང་གི་ཡིན་གསུངས་བྱུང་།

2024.04.30
ཨ་རིས་བོད་རྒྱ་ཞི་འགྲིག་གི་གྲོས་མོལ་སླར་གསོ་ཡོང་དགོས་བ་རྒྱ་ནག་ལ་སྐུལ་མ་གནང་གི་ཡིན་གསུངས་བྱུང་། ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་(Anthony Blinken)་མཆོག ༠༤།༢༢།༢༠༢༤
U.S. Department of State

ཉེ་ཆར་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས་སྤྱི་ནོར་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུ་ཚབ་དང་གྲོས་མོལ་བྱེད་རྒྱུ་ལས་བཙན་བྱོལ་སྒྲིག་འཛུགས་ཟེར་བ་ངོས་ལེན་མེད་ལ། གྲོས་མོལ་གནང་རྒྱུའི་འཆར་གཞི་ཡང་མེད་ཅེས་གསར་འགོད་པའི་དྲི་བར་ལན་འདེབས་གནང་ཡོད་པའི་གནད་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་ཨ་རིའི་ཕྱི་སྲིད་ལས་ཁུངས་སུ་དགོངས་ཚུལ་བཀའ་འདྲི་ཞུས་པར་ཡིག་ཐོག་བཀའ་ལན་འབྱོར་བའི་ནང་། ༡༽ རྒྱ་ནག་གཞུང་ནས་བོད་མི་ཚོར་རང་གི་ཆོས་དང་རིག་གཞུང་། སྐད་ཡིག་ལ་སོགས་མི་ཉམས་རྒྱུན་འཛིན་དང་ཆོས་དད་རང་དབང་ཡོང་རྒྱུར་དོན་དང་ལྡན་པའི་རང་སྐྱོང་གི་གནས་བབ་ཞིག་སྤྲོད་ཐབས་སུ་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུ་ཚབ་དང་། ཡང་ན་མང་ཚོགས་ནས་འདེམས་པའི་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་གང་རུང་མཉམ་ཞི་འགྲིག་གི་གྲོས་མོལ་སླར་གསོ་ཡོང་ཐབས་སུ་རྒྱ་ནག་གཞུང་གི་འབྲེལ་ཡོད་ཚོར་སྐུལ་མ་ཞུ་རྒྱུ་ཡིན་ཞེས་དང་། ༢༽ རྒྱ་ནག་གཞུང་གིས་༧གོང་ས་ཏཱ་ལའི་བླ་མ་མཆོག་དབུས་པའི་བོད་ཀྱི་བླ་སྤྲུལ་ཡང་སྲིད་ངོས་འཛིན་ཞུ་ཕྱོགས་ཐད་ཐེ་བྱུས་བྱེད་པའི་སྲིད་བྱུས་ལ་བློ་ཚབས་ཆེན་པོ་ཡོད། དེ་འདྲ་ཡིན་དུས་འདི་ལྟ་བུའི་སྲིད་བྱུས་མུ་མཐུད་ནས་འཛིན་རྒྱུ་མེད་ལུགས་འབོད་སྐུལ་ཞུས་པ་དང་ཆབས་ཅིག་བོད་མི་ཚོའི་ཆོས་དད་རང་དབང་ལ་བརྩི་བཀུར་ཞུ་དགོས་ཞེས་བཀོད་ཡོད་འདུག
སྤྱིར་བཏང་འདས་པའི་ཉིན་ཤས་གོང་། དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་རྒྱ་གར་གྱི་གསར་འགྱུར་ལས་ཁང་ཞིག་གི་བཅར་འདྲི་ལན་འདེབས་གནང་སྐབས། བོད་རྒྱ་གྲོས་མོལ་སླར་གསོ་ཡོང་ཐབས་སུ་རྒྱ་ནག་དང་མཉམ་གཞུང་འབྲེལ་མ་ཡིན་པར་རྒྱབ་སྒོ་ནས་འབྲེལ་བ་ཡོད། ཡིན་ན་ཡང་ད་ལྟའི་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱི་དབུ་ཁྲིད་འོག་བོད་མི་རིགས་རྩ་མེད་གཏོང་བའི་སྲིད་ཇུས་བྱེད་བབ་ལ་གཞིགས་པས་རེ་བ་དེ་ཙམ་མེད་ཅེས་གསལ་བཤད་གནང་ཡོད་པ་རེད།
དེའི་རྗེས་པེ་ཅིང་དུ་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ཝང་བྷིན་བྷིན་ལ་འཆར་ཅན་གསར་འགོད་ལྷན་ཚོགས་ཐོག་འདྲི་རྩད་བྱས་པའི་ལན་དུ། ཁོ་པས་གྲོས་མོལ་སླར་གསོ་ཡོང་ཐབས་ཀྱི་ཆ་རྐྱེན་ལྟ་བུར་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་ཚོའི་མཉམ་གྲོས་མོལ་གནང་རྒྱུ་མིན་ལུགས་བསྐྱར་ནན་གྱིས་ལན་བརྒྱབ་ཡོད་པ་རེད།
སྲིད་སྐྱོང་མཆོག་གིས་གནད་དོན་དེའི་ཐད་ཚེས་༢༨་ཉིན་སུད་སི་རུ་རྒྱ་ནག་གི་མགྲིན་ཚབ་པས། རྒྱ་ནག་གཞུང་གིས་༧གོང་ས་རྒྱལ་བ་རིན་པོ་ཆེ་ལྷན་དུ་མགོན་པོ་གང་ཉིད་ཀྱི་མ་འོངས་གནད་དོན་ཐད་གྲོས་མོལ་བྱ་རྒྱུ་ལས་བོད་མིའི་སྒྲིག་འཛུགས་ལྷན་དུ་གྲོས་མོལ་བྱ་རྒྱུ་མིན་ཚུལ་བཤད་པ་ནི་སྐད་ཆ་གསར་པ་གང་ཡང་མིན་པ་དང་། དེ་ནི་རྒྱ་ནག་གཞུང་གིས་ནམ་རྒྱུན་ནས་བཤད་བཞིན་པ་ཞིག་རེད། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་རྒྱ་ནག་དང་འབྲེལ་བ་བྱེད་སྐབས་བརྟན་པོ་བྱས་ནས་བྱེད་བཞིན་ཡོད། རྒྱ་ནག་དང་མཉམ་གཞུང་འབྲེལ་མ་ཡིན་པར་རྒྱབ་སྒོ་ནས་འབྲེལ་བ་ཡོད། ཡིན་ན་ཡང་ད་ལྟའི་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱི་དབུ་ཁྲིད་འོག་བོད་མི་རིགས་རྩ་མེད་གཏོང་བའི་སྲིད་ཇུས་བྱེད་བབ་ལ་གཞིགས་པས་རེ་བ་དེ་ཙམ་མེད་ཅེས་གསལ་བཤད་གནང་བ་དང་མཉམ། བོད་རྒྱའི་དཀའ་རྙོག་སེལ་དགོས་ན་ཕུགས་རྒྱང་རིང་བོར་བསམ་བློ་བཏང་ནས་རྒྱ་ནག་གཞུང་དང་མཉམ་གྲོས་མོལ་བྱེད་དགོས་པས། ང་ཚོའི་ངོས་ནས་མུ་མཐུད་དུ་རྒྱ་ནག་གཞུང་གྲོས་མོལ་ལ་ཞུགས་པར་སྐུལ་འདེད་གཏོང་བཞིན་ཡོད། དང་པོ་རྒྱ་ནག་གཞུང་གིས་བོད་ནང་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་གཏོང་རྒྱུ་གལ་ཆེ། དེ་མ་བྱུང་བར་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་རྒྱལ་སྤྱིའི་སྲིད་གཞུང་དང་སྤྱི་ཚོགས་ལ་བོད་ཀྱི་ལོ་རྒྱུས་གནས་བབ་དང་ད་ལྟའི་བོད་ཀྱི་གནས་སྟངས། བོད་དོན་འཐབ་རྩོད་སོགས་ཀྱི་ཐད་གོ་རྟོགས་ཞུ་གཏུག་ཆད་མེད་སྤེལ་དང་སྤེལ་བཞིན་པ་དང་དེ་ནི་ང་ཚོའི་ལྡོག་ཐབས་མེད་པའི་འོས་འགན་ཡིན་པ་གསུངས་ཡོད་པ་རེད།


གསར་འགོད་པ། བཀྲ་ཤིས་དབང་ཕྱུག རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎