རྒྱ་ནག་དང་རྒྱབ་སྒོ་ནས་འབྲེལ་བ་ཡོད་ཀྱང་རེ་བ་དེ་ཙམ་མེད་པ་སྲིད་སྐྱོང་མཆོག་གིས་སུད་སི་ནས་གསུངས་འདུག

དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་གིས་དེང་སྐབས་ཡོ་རོབ་ཀྱི་རྒྱལ་ཁབ་ཁག་ཅིག་ནང་གཞུང་འབྲེལ་འཚམས་གཟིགས་གནང་བཞིན་པ་ལྟར། ཚེས་༢༨་ཉིན་སུད་སིའི་གྲོང་ཁྱེར་ཛུ་རིག་གནམ་ཐང་དུ་ཕེབས་འབྱོར་བྱུང་སྐབས། སུད་སིའི་བོད་ཀྱི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་དང་། སུད་སི་དང་ལེག་ཀྲིན་ཚིན་བོད་རིགས་ཚོགས་པའི་ཚོགས་གཙོ་དང་ཚོགས་གཞོན། ས་གནས་བོད་མི་བཅས་ཀྱིས་ཕེབས་བསུའི་རྗེས། སྲིད་སྐྱོང་མཆོག་རི་ཀོན་ཆོས་འཁོར་དགོན་དུ་ཆེད་ཕེབས་ཀྱིས་གནས་གཟིགས་དང་མཉམ། ཉིན་རྒྱབ་སུད་སིར་གནས་འཁོད་བོད་མི་རྣམས་ལ་བོད་དོན་འཐབ་རྩོད་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྐོར་སོགས་བོད་དོན་གཏམ་བཤད་གནང་བ་དང་མི་མང་གི་དྲི་བར་ལན་འདེབས་གནང་ཡོད་པ་རེད།
སྲིད་སྐྱོང་མཆོག་གིས་མི་མང་གི་དྲི་བར་ལན་འདེབས་སྐབས། ཉེ་ཆར་གསར་འགོད་པ་ཁག་ཅིག་གིས་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པར་བོད་མིའི་སྒྲིག་འཛུགས་དང་རྒྱ་ནག་བར་རྒྱབ་ལོགས་ནས་འབྲེལ་ལམ་ཡོད་མེད་ཐད་དྲི་བ་དྲིས་སྐབས། རྒྱ་ནག་གི་མགྲིན་ཚབ་པས། རྒྱ་ནག་གཞུང་གིས་༧གོང་ས་རྒྱལ་བ་རིན་པོ་ཆེ་ལྷན་དུ་མགོན་པོ་གང་ཉིད་ཀྱི་མ་འོངས་གནད་དོན་ཐད་གྲོས་མོལ་བྱ་རྒྱུ་ལས་བོད་མིའི་སྒྲིག་འཛུགས་ལྷན་དུ་གྲོས་མོལ་བྱ་རྒྱུ་མིན་ཚུལ་བཤད་པ་ནི་སྐད་ཆ་གསར་པ་གང་ཡང་མིན་པ་དང་། དེ་ནི་རྒྱ་ནག་གཞུང་གིས་ནམ་རྒྱུན་ནས་བཤད་བཞིན་པ་ཞིག་རེད། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་རྒྱ་ནག་དང་འབྲེལ་བ་བྱེད་སྐབས་བརྟན་པོ་བྱས་ནས་བྱེད་བཞིན་ཡོད། རྒྱ་ནག་དང་མཉམ་གཞུང་འབྲེལ་མ་ཡིན་པར་རྒྱབ་སྒོ་ནས་འབྲེལ་བ་ཡོད། ཡིན་ན་ཡང་ད་ལྟའི་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱི་དབུ་ཁྲིད་འོག་བོད་མི་རིགས་རྩ་མེད་གཏོང་བའི་སྲིད་ཇུས་བྱེད་བབ་ལ་གཞིགས་པས་རེ་བ་དེ་ཙམ་མེད་ཅེས་གསལ་བཤད་གནང་བ་དང་མཉམ། བོད་རྒྱའི་དཀའ་རྙོག་སེལ་དགོས་ན་ཕུགས་རྒྱང་རིང་བོར་བསམ་བློ་བཏང་ནས་རྒྱ་ནག་གཞུང་དང་མཉམ་གྲོས་མོལ་བྱེད་དགོས་པས། ང་ཚོའི་ངོས་ནས་མུ་མཐུད་དུ་རྒྱ་ནག་གཞུང་གྲོས་མོལ་ལ་ཞུགས་པར་སྐུལ་འདེད་གཏོང་བཞིན་ཡོད། དང་པོ་རྒྱ་ནག་གཞུང་གིས་བོད་ནང་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་གཏོང་རྒྱུ་གལ་ཆེ། དེ་མ་བྱུང་བར་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་རྒྱལ་སྤྱིའི་སྲིད་གཞུང་དང་སྤྱི་ཚོགས་ལ་བོད་ཀྱི་ལོ་རྒྱུས་གནས་བབ་དང་ད་ལྟའི་བོད་ཀྱི་གནས་སྟངས། བོད་དོན་འཐབ་རྩོད་སོགས་ཀྱི་ཐད་གོ་རྟོགས་ཞུ་གཏུག་ཆད་མེད་སྤེལ་དང་སྤེལ་བཞིན་པ་དང་དེ་ནི་ང་ཚོའི་ལྡོག་ཐབས་མེད་པའི་འོས་འགན་ཡིན་པ་གསུངས་ཡོད་པ་རེད།
ཡང་གོང་བརྗོད་རྒྱ་ནག་གི་མགྲིན་ཚབ་པའི་སྐད་ཆ་དེའི་ཐད་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། བོད་མིའི་སྒྲིག་འཛུགས་ཁ་བྲལ་ཚོགས་པ་རེད་ཟེར་བའི་བཤད་སྟངས་དེ་ནི་དེ་སྔ་ནས་རྒྱ་ནག་གཞུང་གིས་བཤད་བཞིན་པ་འཁྱོག་བཤད་རང་རེད། གཞན་༧གོང་ས་མཆོག་སྐུ་སྒེར་གྱི་གནད་དོན་ཐད་གྲོས་མོལ་གནང་རྒྱུ་ཡིན་ཚུལ་བཤད་པའི་ཐད། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སྔ་ཕྱི་བར་གསུམ་ལ་བོད་རྒྱ་ཞི་མོལ་བྱེད་དོན་གཙོ་བོ་བོད་མི་ས་ཡ་དྲུག་གི་གནད་དོན་ཆེད་དུ་ཡིན་པ་ལས་༧གོང་ས་མཆོག་སྐུ་སྒེར་གྱི་གནད་དོན་མ་ཡིན་པ་དེ་སྔ་སྤྱི་ལོ་༡༩༨༠ཙམ་ནས་གསལ་བོར་བཀའ་སྩལ་ཡོད་པ་རེད། དེ་བས་ད་ལྟ་ཡིན་ན་ཡང་བོད་རྒྱ་ཞི་མོལ་གྱི་གནད་དོན་གཙོ་བོ་དེ་བོད་རྒྱ་ཆེའི་མི་མང་གི་མངོན་འདོད་སྒང་ལ་ཆགས་བསྡད་ཡོད། རྒྱ་ནག་གཞུང་གིས་ང་ཚོ་ཚད་མཐོའི་རང་སྐྱོང་སྒང་ལ་འགྲོ་བཞིན་འདུག་ཟེར་བ་དེ་ཚོ་བདེན་པ་མ་རེད། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ད་བར་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་ནས་རྒྱ་ནག་དང་འབྲེལ་མོལ་སྐབས་མིང་དོན་མཚུངས་བའི་རང་སྐྱོང་རྩོད་བཞིན་པ་གསལ་བཤད་དང་བཅས་གསུངས་བྱུང་།
གསར་འགོད་པ། ཀླུ་འབུམ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།