སྲིད་སྐྱོང་མཆོག་གིས་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་འཚམས་གཟིགས་འགྲུབ་སྟེ་རྡ་རམ་སཱ་ལར་ཕེབས་ཐོན་གནང་འདུག

དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་རྒྱ་གར་ལྷོ་ཕྱོགས་སྦེ་ལ་ཀོ་པི་ལུགས་ཟུང་བསམ་གྲུབ་གླིང་དང་བདེ་སྐྱིད་སླར་གསོའི་གཞིས་ཁུངས་དང་། ཧོན་སུར་བཅས་གཞིས་ཆགས་ཁག་གསུམ་གྱི་ནང་ཁོང་གིས་སྲིང་སྐྱོང་གི་ཐུགས་འགན་བཞེས་ཏེ་གཞུང་འབྲེལ་འཚམས་གཟིགས་ཐེངས་གཉིས་པ་དེ་གནང་ཆེད་ཕྱི་ཟླ་ ༢ ་པའི་ཚེས་ ༡༡ ་ཉིན་སྦེ་ལ་ཀོ་པི་གཞིས་ཁུངས་སུ་ཕེབས་འབྱོར་བྱུང་ཏེ། གཙོ་བོ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་སྐབས་ངོ་བཅར་ཞུས་པ་མཚོན་པས་ཕྱི་ཟླ་ ༣ ཚེས་ ༣ ཉིན་༧སྐྱབས་རྗེ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་སྐབས་ལྷན་བཅར་ཞུས་པ་བཅས་ཁྱོན་གཞིས་ཁུངས་གསུམ་གྱི་ནང་ཉིན་གྲང་ ༢༠ རིང་འཚམས་གཟིགས་འགྲུབ་སྟེ་ཕྱི་ཟླ་ ༣ ཚེས་ ༣ ཉིན་གྱི་ཕྱི་དྲོ་སྦེ་ལ་ཀོ་པི་ནས་བཞུགས་སྒར་དུ་ཕེབས་ཐོན་གནང་ཡོད་པ་རེད།
སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་གོང་ཞུས་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་ཁག་གསུམ་གྱི་ནང་ཡོད་པའི་དགོན་སྡེ་ཁག་ཏུ་གནས་གཟིགས་དང་། བོད་མིའི་ཚོགས་པ་སྡེ་ཚན་ཁག་དང་གཞིས་གྲོང་ཁག དེ་བཞིན་སློབ་གྲྭ་ཁག་བཅས་ཀྱི་ནང་གཟིགས་སྐོར་དང་སྦྲགས་བོད་མི་སེར་སྐྱ་གཉིས་དང་སློབ་ཕྲུག་དང་བཅས་པ་རྣམས་ལ་སྤྱི་ཡོངས་བོད་མིའི་སྒྲིག་འཛུགས་ཀྱི་མཛད་བྱུས་དང་ཕྱག་ལས་གནང་པ་ཁག གཞན་ཡང་བོད་མིའི་སྡེ་ཁག་སོ་སོ་དང་འབྲེལ་ནས་བོད་དོན་གསུངས་བཤད་གནང་ཡོད་པ་མ་ཟད། མི་མང་ལ་བཀའ་ཤག་གི་ངོས་ནས་༧གོང་ས་མཆོག་གི་དགོངས་གཞི་དང་མཐུན་ཞིང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་ལ་ཕབ་པའི་སྲིད་བྱུས་གཞིར་བཟུང་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་གི་ཕྱག་ལས་གནང་ཕྱོགས་སྐོར་ཞིབ་ཕྲ་གསལ་བཤད་གནང་བ་མ་ཟད། བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་ངོས་ནས་མ་འོངས་བོད་དོན་འཐབ་རྩོད་མུ་མཐུད་དུ་རྒྱུན་གནས་ཐུབ་རྒྱུར་བོད་མིའི་གཞིས་ཆགས་སྲ་བརྟན་གནས་ཐབས་ལ་གང་ཐུབ་འབད་བརྩོན་གནང་གི་ཡོད་པ་གསུང་གནང་ཡོད་པ་རེད།
དེ་མིན་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་སྨད་ཞུ་མཁན་ཚོར་ས་གནས་ཀྱི་ཡུལ་ཁྲིམས་དང་མཐུན་པའི་ཐོག་ཁ་གཏད་གདོང་ལེན་གནང་རྒྱུ་ཡིན་པ་གསུངས་ཡོད་པ་དང་། བོད་མི་ནང་ཁུལ་མཐུན་སྒྲིལ་རྡོག་རྩ་ཆིག་སྒྲིལ་གྱིས་བོད་ཀྱི་བྱུང་རབས་ལོ་རྒྱུས་དང་བོད་དོན་ཐོག་དོ་སྣང་གིས་བོད་སྤྱི་པའི་རྩ་དོན་ཐོག་སེམས་འཁུར་དགོས་པའི་སྐུལ་མ་གནང་ཡོད་པ་རེད།
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་འོས་བསྡུའི་དྲིལ་བསྒྲགས་སྐབས་བོད་མི་གནས་ཡུལ་ས་གནས་ཁག་ནང་ཐེངས་གཉིས་རེ་འཚམས་གཟིགས་ཕེབས་རྒྱུའི་ཁས་ལེན་གནང་བ་གཞིར་བཟུང་། ཕྱི་ལོ་ ༢༠༢༡ ་ཕྱི་ཟླ་ ༥ ་པའི་ནང་སྦེ་ལ་ཀོ་པི་ལུགས་གཞིས་ཁུངས་གཉིས་དང་ཧོན་སུར། ཀོ་ལེ་གྷལ་དེ་བཞིན་མོན་གྷོ་བཅས་ལྷོ་ཕྱོགས་བོད་མིའི་གཞིས་སྒར་ཁག་ལྔའི་ནང་འཚམས་གཟིགས་ཐེངས་དང་པོ་གནང་ཡོད་པ་མ་ཟད། ཁོང་གིས་ལྷོ་ཕྱོགས་ཁུལ་དུ་འཚམས་གཟིགས་ཐེངས་གཉིས་པ་དེ་ཀོ་ལེ་གྷལ་དང་དེ་རྗེས་མོན་གྷོ་བཅས་ཀྱི་ནང་དུས་སྐབས་འདྲ་མིན་སོ་སོར་གནང་ཡོད་པ་ལྟར་གོང་ཞུས་སྦེ་ལ་ཀོ་པི་ལུགས་ཟུང་བསམ་གྲུབ་གླིང་དང་བདེ་སྐྱིད་སླར་གསོའི་གཞིས་ཁུངས་གཉིས་དང་ཧོན་སུར་རབ་རྒྱས་གླིང་བཅས་ཀྱི་ནང་དུའང་ད་ལན་ཐེངས་གཉིས་པའི་འཚམས་གཟིགས་གྲུབ་ནས་འདི་ཚེས་༤་ཉིན་སྦེང་ལོར་ནས་མཁའ་ལམ་རྒྱུད་ཅན་དྷི་གར་དེ་ནས་རིམ་པས་བཞུགས་སྒར་དུ་ཕྱིར་ཕེབས་གནང་ཡོད་པ་རེད་འདུག།
གསར་འགོད་པ། པདྨ་དངོས་གྲུབ།
རྩོམ་སྒྲིག་པ། བསྟན་འཛིན་བདེ་སྐྱིད།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།