རྒྱ་ནག་གཞུང་གིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་ཐད་ཀར་གྲོས་མོལ་ཞུ་རྒྱུ་ལས་བཙན་བྱོལ་བོད་གཞུང་ཞེས་པའི་བོད་མིའི་སྒྲིག་འཛུགས་དང་འབྲེལ་མཐུད་བྱ་རྒྱུ་མིན་ཚུལ་རྒྱ་ནག་གཞུང་གི་མགྲིན་ཚབ་པས་བརྗོད་འདུག

2024.04.26
རྒྱ་ནག་གཞུང་གིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་ཐད་ཀར་གྲོས་མོལ་ཞུ་རྒྱུ་ལས་བཙན་བྱོལ་བོད་གཞུང་ཞེས་པའི་བོད་མིའི་སྒྲིག་འཛུགས་དང་འབྲེལ་མཐུད་བྱ་རྒྱུ་མིན་ཚུལ་རྒྱ་ནག་གཞུང་གི་མགྲིན་ཚབ་པས་བརྗོད་འདུག
AP

རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ཝང་ཝེན་ཕིང་གིས་ཕྱི་ཟླ་ ༤ ཚེས་ ༢༦ ཉིན་གསར་འགོད་གསལ་བསྒྲགས་སྐབས། བོད་མིའི་སྒྲིག་འཛུགས་ཀྱིས་གསང་བའི་བརྒྱུད་ལམ་ཐོག་ནས་རྒྱ་ནག་གཞུང་དང་བཀའ་མོལ་གནང་གི་ཡོད་པའི་གནས་ཚུལ་བརྗོད་འདི་དངོས་ཡོད་བདེན་པའི་གནས་ཚུལ་ཡིན་མིན་བརྒྱུད་ལམ་ཁག་གིས་བཀའ་དྲི་གནང་པའི་སྐབས། ཝང་ཝེན་བིང་གིས། ཆ་རྐྱེན་དོན་ཚན་གཉིས་བཏོན་ཏེ། རྒྱ་ནག་གཞུང་གིས་འབྲེལ་མཐུད་དང་གྲོས་མོལ་བྱ་ཡུལ་ནི་༧གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་ ༡༤ པའི་སྐུ་སྒེར་གྱི་སྐུ་ཚབ་ཡིན་པ་ལས་བཙན་བྱོལ་བོད་གཞུང་ཟེར་བ་དང་ཡང་ན་དབུས་བོད་མིའི་སྒྲིག་འཛུགས་ཟེར་བ་མིན་ཞེས་བརྗོད་འདུག

ཝང་ཝེན་བིང་གིས་མུ་མཐུད། བོད་མིའི་སྒྲིག་འཛུགས་ནི་མགོ་མཇུག་བར་གསུམ་ཚང་མ་ཁ་བྲལ་རིང་ལུགས་ཀྱི་སྲིད་དོན་རུ་ཚོགས་ཤིག་དང་། རྒྱ་ནག་གི་རྩ་ཁྲིམས་དང་ཁྲིམས་ལུགས་ལས་རྒྱབ་འགལ་བྱེད་མཁན་གྱི་ཁྲིམས་འགལ་གྱི་སྒྲིག་འཛུགས་ཤིག་རེད་ཅེས་སྐྱོན་བརྗོད་བྱས་འདུག
དེ་བཞིན་རྒྱ་ནག་གཞུང་ཕྱོགས་ནས་འབྲེལ་བ་དང་གྲོས་མོལ་བྱེད་པའི་ནང་དོན་ནི་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་སྐུ་སྒེར་ཉིད་ཀྱི་སྐོར་དང་། དེ་ལས་དགོས་མཁོ་ཆེ་ན་ཁོང་གི་༧སྐུ་འཁོར་གྱི་མི་འགའ་རེའི་མདུན་ལམ་གྱི་གནད་དོན་ཡིན་པ་ལས། བོད་ཀྱི་ཚད་མཐོའི་རང་སྐྱོང་གི་གནད་དོན་ཟེར་བ་མིན་ཞེས་བརྗོད་འདུག
འདིའི་ཐད་རྒྱ་ནག་གཞུང་དང་མཉམ་དུ་ཐད་ཀར་འབྲེལ་མོལ་ཐེངས་ ༡༠ ཙམ་གྱི་ནང་དུ་སྣེ་ཁྲིད་གནང་མཁན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་སྐལ་བཟང་རྒྱལ་མཚན་ལགས་སུ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་ཁོང་སྐུ་སྒེར་གྱི་གཟིགས་ཚུལ་ཇི་བྱུང་བཀའ་དྲི་ཞུས་པར། འདི་ནི་རྒྱ་ནག་གཞུང་གིས་རྒྱུན་ལྡན་གཤོད་བཞིན་པའི་བཀའ་མོལ་གཅིག་ཡིན་པ་ལས། གནས་ཚུལ་གསར་པ་གང་ཡང་མཐོང་གི་མི་འདུག་ཅེས་དང་། རང་སྲིད་རང་སྐྱོང་གི་སྐོར་ལ་སྐད་ཆ་གཤོད་སའི་གཞི་ཙམ་ཡང་མེད་པར་བཤད་འདུག་པས། གནས་སྟངས་སྡུག་ཏུ་འགྲོ་བ་ལས་བཟང་ཕྱོགས་སུ་གཟིགས་ཀྱི་མི་འདུག་ཅེས་གསུངས་བྱུང་ལ། ད་རེས་ཀྱི་བཀའ་མོལ་འདིའི་འགྲོས་ལ་བལྟས་སྐབས། བོད་མིའི་སྤྱི་ཚོགས་ཁྲོད་དུ་རེ་བ་ཕྲན་བུ་ཡོད་པའི་རྣམ་པ་སྐྲུན་ཐབས་བྱེད་ཀྱི་འདུག་པས། འདི་ནི་བོད་མིའི་སྤྱི་ཚོགས་ཁྲོད་ཐེ་ཚོམ་ཀྱི་རྣམ་པ་སྐྲུན་ཐབས་དང་། བོད་མིའི་ཁྲོད་ལྟ་བ་ཕྲན་བུ་གུ་ཡངས་པ་དང་། ཕྲན་བུ་གུ་དོག་པ་གཉིས་ཡོད་པའི་ཁྲོད་མི་མཐུན་པའི་ཆ་ཡོད་པ་འདི་ཤུགས་ཆེ་རུ་གཏོང་རྒྱུར་དམིགས་ཀྱི་མེད་ན་སྙམ་པའི་དོགས་པ་བྱུང་གི་ཡོད་པ་གསུངས་བྱུང་།
བོད་གནས་ཉམས་ཞིབ་པ་ རོ་སྦི་ སྦར་ནཊ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན།
ངའི་བསམ་པར་ཕྱོགས་གཉིས་ཀའི་ངོས་ནས་སྐད་ཆ་གཤོད་སྟངས་ཀྱི་རྣམ་པར་འགྱུར་བ་ཆེན་པོ་འདུག
བོད་མི་ཚོའི་ཕྱོགས་ནས་དེ་སྔའི་འཛིན་སྐྱོང་གི་བཀའ་མོལ་གནང་བའི་སྐབས་འུར་སྒྲོག་དང་འབྲེལ་ནས་བཤད་ཡོད་ནའང་ད་རེས་འདི་འདྲ་མ་ཡིན་པར་དངོས་ཡོད་གནས་སྟངས་ལ་གཞིགས་པས་ལྷིང་འཇགས་དང་བབས་ལྷིང་གཏན་པོའི་ངང་ནས་གདོང་ལེན་བྱེད་ཀྱི་འདུག་ལ། རྒྱ་ནག་གི་ཕྱོགས་ནས་གྲོས་མོལ་བྱེད་རྒྱུའི་འདུན་པ་བཏོན་པ་དེར་ང་ཚོའི་ངོས་ནས་དེ་ཙམ་གྱི་རེ་བ་མེད་ལ་རེ་བ་ཧ་ཅང་ཆེན་པོའང་བྱེད་རྒྱུ་ཡོད་མ་རེད་། གལ་སྲིད་གྲོས་མོལ་བྱེད་འདོད་ཡོད་ན་དེར་གཞིགས་པས་ང་ཚོའི་ཆ་རྐྱེན་མང་པོ་ཡོད་རེད་ཅེས་གསུངས་ཏེ་དངོས་ཡོད་གནས་སྟངས་ཀྱི་ཐོག་ནས་བརྡ་ལན་སྤྲད་འདུག་ཅེས་གསུངས་ཀྱི་འདུག
ཁོང་གིས་མུ་མཐུད་ཕྱོགས་གཞན་ཞིག་ནས་རྒྱ་ནག་གི་ཕྱོགས་ནས་ལན་འདེབས་བྱས་པ་དེ་ནི་ཁོང་ཚོའི་ངོས་ནས་གྲོས་མོལ་སླར་གསོ་བྱེད་དགོས་ཆགས་པའི་རྣམ་པ་བསྟན་ཡོད་པའི་ཚོར་སྣང་བྱུང་། རྒྱ་ནག་གིས་དགོས་འདུན་གཙོ་བོ་ག་རེ་ཡིན་མིན་ང་ཚོས་གཤོད་ཚོད་ཐིག་གི་མ་རེད། འོན་ཀྱང་ཁོང་ཚོར་མ་འོངས་པའི་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་༧སྐུའི་ཡང་སྲིད་ངོས་འཛིན་ཞུ་ཕྱོགས་དང་། ༧ཀུན་གཟིགས་༧པཎ་ཆེན་རིན་པོ་ཆེའི་གནད་དོན་བཅས་ཀྱི་ཐོག་གྲོས་མོལ་བྱེད་རྒྱུའི་འདུན་པ་ཡོད་སྲིད་པ་རེད། ཡིན་ནའང་བོད་མིའི་ཕྱོགས་ནས་རྒྱ་ནག་གི་ཕྱོགས་ནས་གྲོས་མོལ་སླར་གསོ་བྱེད་རྒྱུར་གནད་དོན་གལ་ཆེན་པོ་ཞིག་གི་ཐོག་མོས་མཐུན་མ་བྱེད་པ་ཡིན་ན། ཧོལ་རྒྱུག་གི་ཐོག་ནས་གྲོས་མོལ་སླར་གསོ་བྱེད་འདོད་མེད་པ་གསལ་པོ་བཏོན་པ་ཞིག་ཡིན་གྱི་རེད་བསམ་གྱི་འདུག་ཅེས་དབྱེ་ཞིབ་གནང་གི་འདུག

གསར་འགོད་པ། བཀྲིས་དབང་ཕྱུག སེངྒེ་རི་བསོད་ནམས་ལྷ་མོ། 

རྩོམ་སྒྲིག་པ། བཀྲིས་དབང་ཕྱུག

དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།

དྲྭ་ཐོག་སྤེལ་མཁན། ནོར་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎