ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་ཞིབ་འཇུག་སྙན་ཐོའི་ནང་བོད་ནང་གི་ཆོས་དད་རང་དབང་གི་གནས་སྟངས་ཐེར་འདོན་གནང་འདུག

ཨ་མི་རི་ཀའི་ཕྱི་སྲིད་ལས་ཁུངས་ཀྱིས་ལོ་ལྟར་རྒྱལ་སྤྱིའི་ནང་ཆོས་དད་རང་དབང་གི་གནས་སྟངས་སྐོར་ལ་ཞིབ་འཇུག་སྙན་ཐོ་འདོན་སྤེལ་གནང་བཞིན་ཡོད་པ་ལྟར། འདི་ཚེས་༢༦ཉིན་སྤྱི་ལོ་༢༠༢༣་ལོའི་རྒྱལ་སྤྱིའི་ཆོས་དད་རང་དབང་སྐོར་གྱི་ཞིབ་འཇུག་སྙན་ཐོ་དེ་བཞིན་ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་(Antony J. Blinken)་མཆོག་གིས་ཨ་རིའི་ཕྱི་སྲིད་ལས་ཁུངས་ནང་གཏམ་བཤད་དང་མཉམ་དུ་འདོན་སྤེལ་གནང་ཡོད་ཅིང་། སྙན་ཐོའི་ནང་རྒྱ་ནག་གཞུང་གིས་བོད་དང་། ཤར་ཏུར་ཀིསུ་ཐན། ཧོང་ཀོང་སོགས་གཙོས་གྲངས་ཉུང་མི་རིགས་གཞན་དག་དང་ཧྥ་ལུང་ཀུང་རྩ་རླུང་སྒོམ་སྒྲུབ་པ་སོགས་ཀྱི་ཆོས་ལུགས་དད་མོས་རང་དབང་ཐོག་སྔར་ལྷག་བཀག་སྡོམ་དང་སྟངས་འཛིན་བྱེད་བཞིན་ཡོད་པའི་སྐོར་ཐེར་འདོན་གནང་ཡོད་པ་རེད།
ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་(Antony J. Blinken)་མཆོག་གིས་སྙན་ཐོ་དང་འབྲེལ་བའི་གཏམ་བཤད་གནང་སྐབས། ད་ལྟའི་དུས་འདིར་འཛམ་གླིང་སྟེང་མི་གྲངས་ས་ཡ་མང་པོར་ད་དུང་ཡང་ཆོས་ལུགས་དད་མོས་ཀྱི་རང་དབང་ཐོབ་ཀྱི་མེད་ཅེས་དང་། དེང་སྐབས་རྒྱལ་སྤྱིའི་སྟེང་གཞུང་འཛིན་པ་ཁག་ཅིག་གིས་ཆོས་ལུགས་ལ་དད་པ་བྱས་པའི་དབང་གིས་ཆོས་ལུགས་པ་རྣམས་དམིགས་འབེན་དུ་བཟུང་ནས་འཛིན་བཟུང་བཙོན་འཇུག་བྱེད་པ་དང་། ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ཡུལ་ལྷ་ཁང་སོཊ་སྒོ་རྒྱག་པ། བཙན་དབང་གི་སྒོ་ནས་ཁོ་ཚོ་གཞི་སྤོར་བྱེད་འཇུག་པ་སོཊ་བྱེད་བཞིན་ཡོད་པ་མ་ཟད། ད་དུང་སྲིད་གཞུང་ཁག་ཅིག་གིས་རྒྱལ་མཚམས་བརྒལ་བའི་ཐོག་ནས་མི་རྣམས་ལ་བཙན་གནོན་གྱི་བྱེད་ཐབས་སྤེལ་བཞིན་ཡོད་སྐོར་ཐེར་འདོན་གནང་སོང་།
ད་དུང་ཕྱི་སྲིད་དྲུང་ཆེ་མཆོག་གིས། ཨ་རི་གཞུང་གིས་མཐུན་ཕྱོགས་རྒྱལ་ཁབ་ཁག་དང་མཉམ་འབྲེལ་གྱིས་མུ་མཐུད་དུ་འཛམ་བུ་གླིང་གི་ཆོས་དད་རང་དབང་སྲུང་སྐྱོབ་ཡོང་ཐབས་བྱེད་བཞིན་ཡོད། ༢༠༢༡ལོ་ནས་བཟུང་ཨ་རི་གཞུང་གིས་ཨ་སྒོར་ས་ཡ་བརྒྱ་ཕྲག་མང་པོ་བཏང་ནས་ཆོས་ལུགས་དད་མོས་ཐོག་དཀའ་ངལ་ལ་འཕྲད་པའི་མི་རྣམས་སྲུང་སྐྱོབ་ཡོང་ཐབས་བྱས་ཡོད་ལ། ད་དུང་ཆོས་དད་རང་དབང་སྲུང་སྐྱོབ་ཀྱི་ཆེད་དུ་ཕྱི་འབྲེལ་མི་སྣ་དང་འབྲེལ་ཡོད་མི་སྣ་སྟོང་ཕྲག་མང་པོར་གསབ་སྦྱོང་སྤྲོད་པ་སོགས་ཀྱི་རོགས་རམ་ལས་དོན་སྒྲུབ་བཞིན་ཡོད་སྐོར་སོཊ་གསུངས་ཡོད་པ་རེད།
དེ་ནི་༡༩༩༨ལོའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་ཁྲིམས་ཡིག་གི་དོན་ཚན་བརྒྱ་དང་བཅུ་གཉིས་ནང་གསེས་ཁ་པའི་ནང་གསལ་བཞིན། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་བོད་མི་དང་འབྲེལ་བ་ཡོད་པའི་རྒྱ་ནག་གཙོས་པའི་རྒྱལ་སྤྱིའི་ནང་ཆོས་དད་རང་དབང་གི་གནས་སྟངས་ཐོག་ལ་ཞིབ་འཇུག་གནང་བའི་ལོ་རེའི་སྙན་ཐོ་ཞིག་ཨ་རིའི་གྲོས་ཚོགས་ལ་འབུལ་དགོས་ཀྱི་ཡོད་པ་རེད།
ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་གི་གཏམ་བཤད་རྗེས་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཁང་གཞུང་ཚབ་ཆེན་མོ་གི་སྐུ་ཞབས་(Rashad Hussain)་ལགས་ཀྱིས་སྙན་ཐོ་དང་འབྲེལ་གཏམ་བཤད་གནང་སྐབས། རྒྱ་ནག་གཞུང་གིས་ཤིན་ཅང་ནང་ཡུ་གུར་ཁ་ཆེ་བ་རྣམས་རྩ་མེད་བཟོ་ཐབས་བྱེད་ཀྱིན་ཡོད་སྐོར་དང་། འདས་བའི་ལོ་ངོ་བཅུ་ཕྲག་འགའི་རིང་རྒྱ་ནག་གཞུང་གིས་ བོད་པའི་ནང་ཆོས་ཉམས་ལེན་མཁན་དང་། ཡེ་ཤུའི་ཆོས་ལུགས་པ། ཧྥ་ལུང་ཀུང་སྒོམ་སྒྲུབ་པ་སོཊ་ཀྱི་ཆོས་དད་རང་དབང་བརྩི་མེད་རྡོག་རོལ་གྱིས་གནོད་འཚེ་གཏོང་བཞིན་ཡོད་སྐོར་ཐེར་འདོན་གནང་ཡོད་པ་མ་ཟད། ད་དུང་རྒྱ་ནག་གཞུང་གིས་རྒྱལ་མཚམས་བརྒལ་བའི་ཐོག་ནས་ཡུ་གུར་ཁ་ཆེ་བ་རྣམས་དང་། བོད་མི། ཧྥ་ལུང་ཀུང་སྒོམ་སྒྲུབ་པ་བཅས་ཀྱི་ཐོག་གནོན་ཤུགས་སྤྲོད་བཞིན་ཡོད་པའི་སྐོར་ཡང་ཐེར་འདོན་གནང་སོང་།
ཞིབ་འཇུག་སྙན་ཐོའི་ནང་དུ། རྒྱ་ནག་གཞུང་གིས་ལོག་ཆོས་ལ་བརྟེན་ནས་ཁྲིམས་ལུགས་ལག་བསྟར་ལ་གཏོར་བརླག་གཏོང་གི་ཡོད་པར་ཁ་གཡར་ནས་ན་ནིང་ལོ་མཇུག་བར་དུ་མི་གྲངས་༢༧༧༢་འཛིན་བཟུང་བཙོན་འཇུག་བྱས་ཡོད་སྐོར་བཀོད་འདུག་ལ། ཚོད་རྩིས་བྱས་ན་༢༠༢༣ལོར་ཆོས་ལུགས་དད་མོས་ལ་རྐྱེན་བྱས་ཏེ་རྒྱ་ནག་གིས་མི་གྲངས་སྟོང་ཕྲག་མང་པོ་དང་། ཐ་ན་ཁྲི་ལས་བརྒལ་བ་འཛིན་བཟུང་བཙོན་འཇུག་དང་། ཁག་ཅིག་བཙོན་གྲོལ་བཏང་ཡོད་ནའང་ད་དུང་མུ་མཐུད་སྟངས་འཛིན་དོ་དམ་འོག་ཡོད་སྐོར་ཡང་སྙན་ཐོའི་ནང་ཐེར་འདོན་གནང་བ་དང་མཉམ། རྒྱ་ནག་ནི་སྔར་བཞིན་ཆོས་དད་རང་དབང་ཐོག་ཛ་དྲག་གི་གནོད་འཚེ་གཏོང་མཁན་རྒྱལ་ཁབ་གྲས་སུ་བཞག་འདུག་ལ། ཨ་མི་རི་ཀའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་ལོ་འཁོར་སྙན་ཐོ་རིམ་པའི་ནང་། རྒྱ་ནག་ནི་འཛམ་གླིང་ནང་ནས་ཆོས་དད་རང་དབང་གི་ཐོག་ལ་ཧ་ཅང་གི་ཆེས་བློ་ཚབས་བྱེད་ཡུལ་དང་དམིགས་བསལ་གྱི་བློ་ཚབས་བྱེད་ཡུལ་གྱི་རྒྱལ་ཁབ་ཞིག་ཏུ་བསྟུད་མར་ངོས་འཛིན་གནང་ཡོད་པ་རེད། * ལོ་སྔོན་མའི་སྙན་ཐོ།
ཨ་མི་རི་ཀས་ཆོས་ལུགས་རང་དབང་ངམ་ཆོས་དད་རང་དབང་ནི། ཨ་རིའི་གཞི་རྩའི་རིན་ཐང་ཞིག་དང་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་ཅིག་ཏུ་ངོས་འཛིན་གྱིས་རྒྱལ་སྤྱིའི་ནང་ཆོས་དད་རང་དབང་གོང་འཕེལ་ཐོག་ལ་ཕྱག་ལས་གནང་གི་ཡོད་པ་ལྟར་། ༡༩༩༨་ལོའི་རྒྱལ་སྤྱིའི་ཆོས་ལུགས་རང་དབང་གི་ཁྲིམས་གཞིའི་གྲོས་མཐུན་གྱི་ཐོག་ནས་ལོ་ལྟར་འདོན་སྤེལ་གནང་བའི་རྒྱལ་སྤྱིའི་ཆོས་ལུགས་རང་དབང་གི་ཞིབ་འཇུག་སྙན་ཐོ་དེའི་ནང་། འཛམ་གླིང་གི་རྒྱལ་ཁབ་དང་ཡུལ་ལུང་༡༩༩འི་ནང་གི་ཆོས་ལུགས་རང་དབང་གི་གནས་བབ་དང་གནས་སྟངས་ཞིབ་ཕྲ་བཀོད་བཞིན་ཡོད་པ་མ་ཟད། ཨ་མི་རི་ཀས་འཛམ་གླིང་ཁྱོན་ཡོངས་སུ་ཆོས་ལུགས་རང་དབང་གོང་སྤེལ་གཏོང་བའི་ཕྱག་ལས་གནང་བའི་གནས་སྟངས་ཀྱང་འགྲེལ་བརྗོད་གནང་གི་ཡོད་པ་རེད།
ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་གི་གཏམ་བཤད།
གསར་འགོད་པ། རྡོ་རྗེ་མཚོ། གཡུ་སྒྲོན།
རྩོམ་སྒྲིག་པ། བསྟན་འཛིན་བདེ་སྐྱིད། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།