རྒྱ་ནག་ནང་བཅའ་སྡོད་ཨ་རིའི་གཞུང་ཚབ་ཆེན་མོས་བོད་ཐེ་བའི་རྒྱ་ནག་ནང་གི་ཆོས་དད་རང་དབང་ཐད་བློ་ཚབས་ཡོད་པ་བསྟན་འདུག

2024.06.28
རྒྱ་ནག་ནང་བཅའ་སྡོད་ཨ་རིའི་གཞུང་ཚབ་ཆེན་མོས་བོད་ཐེ་བའི་རྒྱ་ནག་ནང་གི་ཆོས་དད་རང་དབང་ཐད་བློ་ཚབས་ཡོད་པ་བསྟན་འདུག རྒྱ་ནག་ནང་བཅའ་སྡོད་ཨ་མི་རི་ཀའི་གཞུང་ཚབ་ཆེན་མོ་(Nicholas Burns)་ལགས་རྒྱ་ནག་ཧྲང་ཧེ་རུ།
Photo: RFA

ཨ་མི་རི་ཀའི་ཕྱི་སྲིད་ལས་ཁུངས་ཀྱིས་ལོ་ལྟར་རྒྱལ་སྤྱིའི་ནང་ཆོས་དད་རང་དབང་གི་གནས་སྟངས་སྐོར་ལ་ཞིབ་འཇུག་སྙན་ཐོ་འདོན་སྤེལ་གནང་བཞིན་ཡོད་པ་ལྟར། འདི་ཚེས་༢༦ཉིན་སྤྱི་ལོ་༢༠༢༣་ལོའི་རྒྱལ་སྤྱིའི་ཆོས་དད་རང་དབང་སྐོར་གྱི་ཞིབ་འཇུག་སྙན་ཐོ་དེ་བཞིན་ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་(Antony J. Blinken)་མཆོག་གིས་ཨ་རིའི་ཕྱི་སྲིད་ལས་ཁུངས་ནང་གཏམ་བཤད་དང་མཉམ་དུ་འདོན་སྤེལ་གནང་ཡོད་ཅིང་། སྙན་ཐོའི་ནང་རྒྱ་ནག་གཞུང་གིས་བོད་དང་། ཤར་ཏུར་ཀིསུ་ཐན། ཧོང་ཀོང་སོགས་གཙོས་གྲངས་ཉུང་མི་རིགས་གཞན་དག་དང་ཧྥ་ལུང་ཀུང་རྩ་རླུང་སྒོམ་སྒྲུབ་པ་སོགས་ཀྱི་ཆོས་ལུགས་དད་མོས་རང་དབང་ཐོག་སྔར་ལྷག་བཀག་སྡོམ་དང་སྟངས་འཛིན་བྱེད་བཞིན་ཡོད་པའི་སྐོར་ཐེར་འདོན་གནང་ཡོད་པ་དང་། དེ་འབྲེལ་རྒྱ་ནག་ནང་བཅའ་སྡོད་ཨ་མི་རི་ཀའི་གཞུང་ཚབ་ཆེན་མོ་(Nicholas Burns)་ལགས་ཀྱིས་འདི་ཚེས་༢༧ཉིན་སྙན་ཐོའི་ནང་དོན་ལྟར་རྒྱ་ནག་གཞུང་གིས་བོད་དང་། ཤིན་ཅིང་། ཧོང་ཀོང་སོགས་ཐེ་བའི་རྒྱ་ནག་ནང་གི་ཆོས་དད་རང་དབང་ལ་རྩིས་མེད་རྡོག་རོལ་གཏོང་བཞིན་པའི་གནས་སྟངས་ཐད་སེམས་ཚབས་ཡོད་པ་སྤྱི་ཚོགས་དྲྭ་རྒྱ་(x)་ནང་གསལ་སྟོན་གནང་འདུག

སྙན་ཐོ་དེའི་ནང་རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་བསྒྱུར་བཞིན་པ་དེས་བོད་མི་རིགས་ཀྱི་ངོ་བོ་དང་། ཆོས་དང་རིག་གཞུང་བཅས་བ་གནས་མིན་གྱི་ཉེན་ཁ་ཡོད་པ་ཐེར་འདོན་གནང་གདུག་ལ། རྒྱ་བསྒྱུར་གྱི་སྲིད་ཇུས་དེའི་རྐྱེན་གྱིས་བོད་ནང་ཆོས་དད་རང་དབང་རྡོག་རོལ་དང་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་གཏོར་བཤིག་ཚབས་ཆེན་ཐེབས་ཀྱི་ཡོད་པ་ཡང་ཐེར་འདོན་གནང་འདུག
ད་དུང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་ཚོས་ལོག་ཆོས་ལ་བརྟེན་ནས་ཁྲིམས་ལུགས་ལག་བསྟར་ལ་གཏོར་བརླག་གཏོང་གི་ཡོད་པར་ཁ་གཡར་ནས་ན་ནིང་ལོ་མཇུག་བར་དུ་མི་གྲངས་༢༧༧༢་འཛིན་བཟུང་བཙོན་འཇུག་བྱས་ཡོད་སྐོར་བཀོད་འདུག་ལ། བོད་ནང་རྒྱ་ནག་དམར་ཤོག་ཚོགས་པའི་སྒྲིག་གཞིའི་ནང་བླ་མ་དང་ཆོས་ལུགས་ཀྱི་བསྟི་གནས་ཁག ཚོགས་སྡེ་ཁག ལས་བྱེད། སློབ་གྲྭ་ཁག་བཅས་ཀྱི་ངོས་འཛིན་ཚུད་པའི་བོད་བརྒྱུད་ནང་བསྟན་གྱི་ཆ་ཤས་ཡོངས་རྫོགས་ལ་གཞུང་འབྲེལ་གྱི་དབང་སྒྱུར་བྱེད་དགོས་པའི་བཀའ་སོགས་གཏོང་གི་ཡོད་པ་ཡང་གསལ་སྟོན་གནང་གདུག


གསར་འགོད་པ། བསྟན་འཛིན་དཔལ་མོ།
རྩོམ་སྒྲིག་པ། བསྟན་འཛིན་བདེ་སྐྱིད།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎