རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་དད་རང་དབང་ཐད་དམ་དྲག་སྔར་ལྷག་བྱེད་བཞིན་པ་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་ཐེར་འདོན་གནང་འདུག

2023.05.16
རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་དད་རང་དབང་ཐད་དམ་དྲག་སྔར་ལྷག་བྱེད་བཞིན་པ་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་ཐེར་འདོན་གནང་འདུག རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་བསྟན་ཆོས་རྒྱ་མཚོ་ལགས་ཨ་རིའི་ཕྱི་སྲིད་དྲུང་ཆེ་(Antony Blinken)་ལགས་དང་མཇལ་སྐབས། ༠༥།༡༥།༢༠༢༣
ICT

དེ་ཡང་ཕྱི་ཚེས་༡༥ཉིན་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱིས་༢༠༢༢ལོའི་རྒྱལ་སྤྱིའི་ནང་གི་ཆོས་དད་རང་དབང་གི་གནས་བབ་སྐོར་ལོ་འཁོར་གྱི་སྙན་ཐོ་འདོན་སྤེལ་གནང་བའི་ནང་། རྒྱ་ནག་གཞུང་གིས་བོད་དང་། ཤིན་ཅང་། ཧོང་ཀོང་བཅས་པའི་ནང་ཆོས་དད་རང་དབང་ཐད་སྔར་ལྷག་དམ་དྲག་གི་སྲིད་ཇུས་ལག་བསྟར་བྱེད་བཞིན་ཡོད་པའི་གནས་སྟངས་ཤོག་གྲངས་༤༩ཡོད་པ་བཏོན་ནས། རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་གྱི་བླ་ཆེན་དབུ་ཁྲིད་དང་དད་ལྡན་མི་མང་། དགོན་སྡེ་ཁག་བཅས་ལ་དམ་དྲག་བྱས་ནས་ཐ་ན་སྤྱི་ནོར་༧གོང་ས་ཏཱ་ལའི་བླ་མ་མཆོག་དང་པཎ་ཆེན་རིན་པོ་ཆེ་རྣམ་གཉིས་ཀྱི་སྐུ་པར་ཙམ་ཡང་དད་ལྡན་པའི་མཐོང་ལམ་ནས་ག་ལེར་མེད་པ་བཟོ་ཐབས་བྱེད་ཀྱི་ཡོད་པ་སོགས་ཐེར་འདོན་གནང་ནས་བོད་ནང་གི་ཆོས་དད་རང་དབང་གི་གནས་བབ་ཇེ་སྡུག་ཏུ་ཕྱིན་ཡོད་པ་གསལ་སྟོན་གནང་འདུག
གོང་གསལ་སྙན་ཐོའི་ནང་བོད་ནང་གི་གནས་སྟངས་དང་འབྲེལ་བའི་གནས་ཚུལ་འགྲེལ་བརྗོད་གནང་པའི་ནང་། ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་དང་རྒྱ་ནག་ཏུ་ཡོད་པའི་ཨ་རིའི་གཞུང་ཚབ་པ། དེ་བཞིན་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་གཙོས་ཕྱི་སྲིད་ལས་ཁུངས་ཀྱིས་མཐོ་རིམ་མི་སྣ་ཁག་ནས་བོད་ནང་གི་ཆོས་དད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་བཅས་ཀྱི་ཐད་ལ་ཐུགས་ཚབས་ཡོད་པ་སྔ་རྗེས་་གསལ་འདོན་གནང་ཡོད་པ་མ་ཟད། རྒྱ་ནག་གཞུང་ལའང་རྒྱ་གཞུང་གི་ཐེ་ཇུས་མེད་པར་བོད་མི་རྣམས་ལ་ནང་ཆོས་ཉམས་ལེན་དང་། ཆོས་དང་སྐད་ཡིག་རིག་གཞུང་སྲུང་སྐྱོབ་ཀྱི་ཐོབ་ཐང་སྤྲོད་དགོས་པ་གླེང་སློང་རིམ་པ་གནང་ཡོད་པ་གསལ་འདུག
ལྷག་པར་དུ་སྙན་ཐོ་དེའི་ནང་། རྒྱ་ནག་གཞུང་གིས་ཆོས་ཕྱོགས་དང་འབྲེལ་བའི་དྲྭ་རྒྱར་དམ་དྲག་དང་དེ་བཞིན་ཆོས་ཕྱོགས་དང་འབྲེལ་བའི་དཔལ་འབྱོར་འདུ་འགོད་སོགས་ལ་དམ་དྲག་སྔར་ལྷག་བྱེད་བཞིིན་པའི་སྐོར་བཀོད་འདུག
གཞན་ཡང་གོང་གསལ་གྱི་སྙན་ཐོའི་ནང་། རྒྱ་ནག་ཏུ་ཡོད་པའི་ཨ་རིའི་གཞུང་ཚབ་ལས་ཁུངས་གིས་རྒྱ་ནག་གཞུང་གིས་༧གོང་ས་ཏཱ་ལའི་བླ་མ་མཆོག་དང་ལྷན་གྲོས་མོལ་གཡོལ་ཐབས་བྱེད་བཞིན་ཡོད་པའི་གནད་དོན་ཐད་འབྲེལ་ཡོད་རྒྱ་ནག་གི་དཔོན་རིགས་དང་ལྷན་གླེང་སློང་གནང་ཡོད་པ་དང་། ༧གོང་ས་ཏཱ་ལའི་བླ་མ་མཆོག་གི་མ་འོངས་ཡང་སྲིད་ཀྱི་གནད་དོན་དེ་བཞིན་ཏཱ་ལའི་བླ་མ་སྐུ་ཉིད་དང་གཞན་བོད་བརྒྱུད་ནང་ཆོས་ཀྱི་སྲོལ་རྒྱུན་ལྟར་ཐག་གཅོད་བྱ་དགོས་བར་ཨ་རིའི་ངོས་ནས་ངོས་འཛིན་བྱེད་པ་དང་། པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་གར་སོང་ཆ་མེད་དུ་གྱུར་བའི་གནད་དོན་ད་ཆ་གར་ཡོད་བཅས་ཀྱི་སྐོར་གླེང་སློང་དང་འདྲི་རྩད་ཐེངས་མང་བྱས་ཡོད་པ་གསལ་འདུག
སྙན་ཐོའི་ནང་བོད་ནང་གི་དགོན་སྡེ་ཁག་ནང་མུ་མཐུད་དུ་དམ་དྲག་བྱེད་བཞིན་པའི་ཐད། ཕྱི་ལོ་༢༠༡༦ནས་བཟུང་དགོན་སྡེ་ཁག་ནས་གྲྭ་བཙུན་མང་པོ་ཕྱིར་ཕུད་བཏང་ཡོད་པ་དང་། དཔེར་ན། ཡ་ཆེན་སྒར་དང་གསེར་རྟ་བླ་རུང་སྒར་གཉིས་ནས་གྲྭ་བཙུན་བསྡོམས་པའི་༦༠༠༠ ནས་༡༧༠༠༠བར་ཕྱིར་ཕུད་བཏང་ཟིན་ཡོད་པ་མ་ཟད། ཤུལ་ལྷག་གྲྭ་བཅུན་ཚོར་བཙན་དབང་གིས་རྒྱལ་གཅེས་ཆོས་གཅེས་ཟེར་བའི་སློབ་གསོ་སྤྲད་དང་སྤྲོད་བཞིན་ཡོད་སྐོར་སོགས་བཀོད་འདུག
ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་བསྟན་ཆོས་རྒྱ་མཚོ་ལགས་སྙན་ཐོ་འདོན་ཡུལ་ཕྱི་སྲིད་ལས་ཁུངས་ནང་དངོས་སུ་བཅར་ཏེ་ཕྱི་སྲིད་དྲུང་ཆེ་(Antony Blinken)་ལགས་དང་དངོས་སུ་མཇལ་རྒྱུ་བྱུང་འདུག་ལ། ཁོང་གིས་ཡོངས་ཁྱབ་གསལ་བསྒྲགས་སྤེལ་ནས། རྒྱ་ནག་གཞུང་གིས་བོད་ནང་དུ་ཆོས་དད་མི་སྣའི་ཐོག་བསུན་གཙེར་དམ་དྲག་བྱེད་བཞིན་པའི་གནས་སྟངས་ཁག་སྙན་ཐོའི་ནང་གསལ་སྟོན་གནང་འདུག་པས་ཨ་རིའི་ཕྱི་སྲིད་ལས་ཁུངས་ལ་ཐུགས་རྗེ་ཆེ་ཞེས་གསུངས་འདུག
ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་ཚོགས་གཙོ་ཟུར་པ་བསྟན་འཛིན་རྡོ་རྗེ་ལགས་ཀྱིས། སྙན་ཐོ་འདི་ནི་ཨ་རིའི་སྲིད་འཛིན་དང་ཕྱི་སྲིད་དྲུང་ཆེའི་མཚན་ཐོག་ནས་ལས་དོན་སྙན་གསེང་གི་སྙན་ཐོ་ཞིག་ཡིན་དུས་གནད་འགག་ཆེན་པོ་ཡིན་པ་དང་། འདི་དང་མཉམ་དུ་རྒྱ་ནག་ནང་ཡོད་པའི་ཨ་རིའི་གཞུང་ཚབ་ལས་ཁུངས་ཀྱིས་བོད་ནང་དུ་ལྟ་ཞིབ་ཀྱི་ལས་དོན་ཤུགས་ཆེ་ཙམ་གནང་རྒྱུ་གལ་གནད་ཆེན་པོ་ཡིན་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
ཨ་མི་རི་ཀའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་(USCIRF)་ཀྱི་ཚོགས་གཙོ་སྐུ་ཞབས་(Nury Turkel)་ཡིསདགའ་བསུ་དང་མཉམ། འཛམ་གླིང་ཁྱོན་ཡོངས་ནང་མི་གྲངས་ས་ཡ་མང་པོས་ཞི་བའི་ཐོག་རང་གི་ཆོས་དད་གི་བྱ་བ་བྱེད་སྐབས་དབྱེ་འབྱེད་དང་། བསུན་གཙེར། བཙོན་འཇུག མནར་གཅོད་སོགས་མྱོང་བཞིན་ཡོད་པས། རྒྱལ་སྤྱིའི་ཆོས་དད་རང་དབང་གི་སྙན་ཐོ་དེ་ནི་ཆོས་དད་རང་དབང་རྡོག་རོལ་གཏོང་མཁན་རྣམས་འགན་འཁུར་ལྡན་པ་ཞིག་བཟོ་ཐབས་ཆེད་དང་། རྒྱལ་སྤྱིའི་ཐོག་ཆོས་དད་རང་དབང་གི་གནས་སྟངས་ཡར་རྒྱས་གཏོང་ཆེད་གལ་ཆེན་ཞིག་ཆགས་ཡོད་ཅེས་གསུང་འདུག
ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་སྙན་ཐོ་འདི་ནི་༡༩༩༨ལོའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་ཁྲིམས་ཡིག་གཞིར་བཟུང་། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་འཛམ་གླིང་གི་ཡུལ་གྲུ་ཁག་གི་ཆོས་དད་རང་དབང་གི་གནས་སྟངས་དང་། འཛམ་གླིང་ཁྱོན་དུ་ཆོས་དད་རང་དབང་གི་གནས་སྟངས་ཡར་རྒྱས་གཏོང་ཐབས་ལས་དོན་སྐོར་གྱི་སྙན་ཐོ་ཞིག་ཡིན་པ་རེད།
ཉེ་ལམ་ཕྱི་ཟླ་༣ཚེས་༢༠ཉིན་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་འཛམ་གླིང་ནང་གི་རྒྱལ་ཁབ་དང་ཡུལ་ལུང་ཁག་གི་ཕྱི་ལོ་༢༠༢༢ལོའི་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོ་འདོན་སྤེལ་གནང་པའི་ནང་། རྒྱ་ནག་གཞུང་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་ཐད་རྡོག་རོལ་མུ་མཐུད་དུ་གཏོང་བཞིན་པའི་ཁྲོད། གང་བྱུང་འཛིན་བཟུང་དང་མནར་གཅོད་ཀྱིས་དམར་གསོད་བཏང་པ། མི་རིགས་ཀྱི་ངོ་བོ་དང་བཅས་བ་རྩ་མེད་བཟོ་བའི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་བོད་ཀྱི་སྐོར་དམིགས་བཀར་སྙན་ཐོ་ཤོག་གྲངས་༢༧ཅན་ཞིག་འདོན་སྤེལ་གནང་ཡོད་པ་རེད།

ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་གི་གཏམ་བཤད།


གསར་འགོད་པ། དོན་གྲུབ་རྣམ་རྒྱལ། བཀྲ་ཤིས་དབང་ཕྱུག ཀླུ་འབུམ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎