ཨ་མི་རི་ཀའི་ཕྱི་སྲིད་ལས་ཁུངས་ཀྱིས་བོད་ཀྱི་ལོ་གསར་གཞུང་འབྲེལ་གྱི་ཐོག་ནས་སྲུང་བརྩི་གནང་སོང་།

2024.02.14

སྤྱི་ཟླ་༢བའི་ཚེས་༡༣ཉིན་ཨ་མི་རི་ཀའི་ཕྱི་སྲིད་ལས་ཁུངས་སུ་བོད་ཀྱི་ལོ་གསར་གཞུང་འབྲེལ་གྱི་ཐོག་ནས་སྲུང་བརྩི་གནང་སྐབས་ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་གཞོན་པ་(Rich Verma)་ལགས་དང་། (Kurt Campbell)་ལགས་གཉིས་དང་། ཨ་མི་རི་ཀའི་ཕྱི་སྲིད་ལས་ཁུངས་སུ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་(Uzra Zeya)་ལགས་ཆེད་ཕེབས་ཐོག་ཤིང་འབྲུག་བོད་ཀྱི་ལོ་གསར་གཞུང་འབྲེལ་གྱི་ཐོག་ནས་སྲུང་བརྩི་གནང་ཡོད་པ་དང་། སྐབས་དེར་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་(Uzra Zeya)་ལགས་ཀྱིས། བོད་མི་རྣམས་ལ་ལོ་གསར་བའི་འཚམས་འདྲི་གནང་བ་དང་མཉམ། བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་སྲུང་སྐྱོབ་བྱ་རྒྱུའི་ཐོབ་ཐང་དང་རང་དབང་ལ་རྒྱབ་སྐྱོར་ཡོད་པ་བསྐྱར་ནན་གནང་བ་དང་། ཉེ་ཆར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་དུས་བཀག་བསྐྱར་ཞིབ་ཐེངས་བཞི་པ་གནང་བའི་སྐབས། རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ཁག་ཉི་ཤུ་ལྷག་གིས་བོད་དོན་གླེང་ནས། རྒྱ་ནག་གཞུང་གིས་བོད་ནང་གི་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་སྲུང་བྱེད་དགོས་པ་དང་། དམ་དྲག་གི་སྲིད་ཇུས་མཚམས་འཇོག་དགོས་པ། བོད་ནང་གི་བཅའ་སྡོད་སློབ་གྲྭ་ཁག་སྒོ་རྒྱག་དགོས་བ་སོགས་འབོད་སྐུལ་རྒྱབ་སྐྱོར་གནང་བ་དེ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐད་ཐུགས་ཚབས་ཆེན་པོ་གནང་བཞིན་པ་མངོན་གསལ་རེད། ང་ཚོས་མུ་མཐུད་དུ་རྒྱལ་སྤྱིའི་མཐུན་འབྲེལ་དང་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་རྒྱབ་སྐྱོར་བྱེད་རྒྱུ་མ་ཟད། ད་བར་ཨ་རིའི་ངོས་ནས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དང་། ཆོས་དད་རང་དབང་གི་གནད་དོན་མང་པོ་གླེང་ཐུབ་ཡོད་པ་གསུངས་སོང་།
དེ་བཞིན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་ལྕམ་(Uzra Zeya)་ལགས་སུ་མཛད་སྒོའི་སྐབས་བོད་རྒྱ་འབྲེལ་མོལ་གྱི་གནད་དོན་དང་འབྲེལ་བཅར་འདྲི་ཞུས་སྐབས། ཁོང་གིས། ཨ་མི་རི་ཀའི་ཕྱི་སྲིད་ལས་ཁུངས་ཀྱི་བོད་དོན་དམིགས་བསལ་འབྲེལ་མཐུད་པའི་ལས་འགན་གཙོ་བོ་ཞིག་ནི། བོད་རྒྱའི་དཀའ་རྙོག་སེལ་རྒྱུར་བོད་རྒྱ་འབྲེལ་མོལ་བསྐྱར་གསོ་ཡོང་ཐབས་ཐད་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་། ༧གོང་ས་ཏཱ་ལའི་བླ་མ་མཆོག་གམ་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུ་ཚབ་མཉམ་དུ་རྒྱ་ནག་གཞུང་གིས་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་བོད་རྒྱ་འབྲེལ་མོལ་བསྐྱར་གསོ་གནང་ཐུབ་རྒྱུ་དེ་ཡིན་སྟབས། དེ་ཐད་ཨ་རིའི་ཕྱི་སྲིད་ལས་ཁུངས་དང་དམིགས་བསལ་སྐུ་ཚབ་ཀྱི་ངོས་ནས་འབད་བརྩོན་གནང་མུས་ཡིན་པ་གསུངས་བྱུང་།

State Department celebrates Tibetan New Year Losar (1).jpg
དེ་བཞིན་ལོ་གསར་མཛད་སྒོའི་ཐོག་ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་ཨན་ཐོ་ནི་སྦིལན་ཀེན་(Anthony Blinken)་ལགས་དངོས་སུ་ཕེབས་ཐུབ་མེད་ན་ཡང་བརྙན་ལམ་བརྒྱུད་ལོ་གསར་ལ་གསུང་འཕྲིན་གཏམ་བཤད་གནང་བའི་ནང་། ང་ཚོས་དམིགས་བསལ་གྱི་ཉིན་མོ་འདིར་ཕྱི་སྲིད་ལས་ཁུངས་སུ་བོད་མི་གྲོགས་པོ་དང་མཉམ་ལས་པ་མང་པོ་ཞིག་དགའ་སྤོབས་དང་བཅས་སྣེ་ལེན་བྱས་ཡོད། ཁྱེད་ཚོ་ནི་འཛམ་གླིང་གང་སའི་གསོན་ཤུགས་ལྡན་ཞིང་བློ་བརྟན་འགྱུར་མེད་ཀྱི་བོད་པའི་སྤྱི་ཚོགས་ཀྱི་ཁོངས་མི་ཡིན། སོ་སོའི་ཆོས་དད་ཉམས་ལེན་དང་། སོ་སོའི་སྐད་ཡིག་བེད་སྤྱོད་བྱེད་ཐུབ་པ། སོ་སོའི་སྲོལ་རྒྱུན་སྲུང་བརྩི་བྱེད་རྒྱུ་ནི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཞིག་ཡིན། ལོ་གསར་སྐབས་སུ་བོད་པ་རྣམས་ཀྱིས་ཁྱིམ་མི་དང་ལྷན་དགའ་སྤྲོའི་ངང་མཉམ་འཛོམས་དང་། མཆོད་ཁྲིར་མཆོད་རྫས་སྒྲིག་གཤོམ། སྲོལ་རྒྱུན་གྱི་ཁ་ཟས་ལ་རོལ་བའི་སྐབས་འདིར་ཡང་། ང་ཚོར་རང་དབང་འདི་དག་གཅེས་སྲུང་བྱ་དགོས་པའི་དྲན་སྐུལ་བྱེད་ཀྱིན་ཡོད། ཨ་རིས་སྔར་བཞིན་བོད་མི་རྣམས་ཀྱི་འགྲོ་བ་མིའི་ཐོབ་ཐང་གོང་སྤེལ་གཏོང་རྒྱུའི་དམ་བཅའ་བཅངས་ཡོད། དམིགས་བསལ་སྒོས་སྡིགས་སྐུལ་དང་དྲག་གནོན་བྱེད་པའི་རིང་དམ་བཅའ་འདི་འདོར་མི་སྲིད། བོད་པའི་སྤྱི་ཚོགས་དང་ལྷན་དུ། ང་ཚོས་བོད་ཀྱི་ཐུན་མོང་མ་ཡིན་པའི་སྐད་ཡིག་དང་། རིག་གཞུང་། ཆོས་ལུགས་སྲོལ་རྒྱུན་མི་ཉམས་རྒྱུན་འཛིན་གྱི་ལས་ལ་འབད་བཞིན་པ་ཡིན། དྲུང་གཞོན་ལས་རོགས་ལྕམ་(Uzra Zeya)་ལགས་ཀྱི་འགོ་ཁྲིད་འོག་ང་ཚོས་རྒྱལ་སྤྱིའི་སྟེང་གི་བོད་དོན་རྒྱབ་སྐྱོར་གཏིང་ཟབ་ཏུ་གཏོང་བཞིན་པ་ཡིན། འགྲོ་བ་མིའི་བདེ་རྩའི་ཆེད་དུ་བོད་མཐོ་སྒང་གི་ཁོར་ཡུག་སྲུང་སྐྱོབ་བྱེད་དགོས། ད་རུང་ལས་ཀ་མང་པོ་སྒྲུབ་རྒྱུ་ལྷག་ཡོད། ཇི་སྲིད་དེ་དག་མ་གསལ་བར་ཨ་རི་ནི་བོད་ཀྱི་བདེན་མཐའ་གསལ་བའི་ལས་དོན་ཐད་བོད་ཀྱི་ལས་རོགས་ཡིན། ཤིང་འབྲུག་ལོར་སྐྱེས་པའི་མི་རྣམས་ནི་ནུས་སྟོབས་ཆེ་ཞིང་། ཕུགས་འདུན་བརྟན་པོ། འཛམ་གླིང་ཇེ་ལེགས་སུ་གཏོང་བར་སྙིང་སྟོབས་ཅན་ཡིན་པའི་ཡིད་ཆེས་བྱེད་ཀྱི་ཡོད། སྙིང་སྟོབས་དེ་ཉམས་པ་མེད་པར་མུ་མཐུད་དུ་མཉམ་རུབ་ཀྱི་ཐོག་བོད་མིའི་ཐོབ་ཐང་སྲུང་སྐྱོབ་དང་སྲོལ་རྒྱུན་གཅེས་འཛིན་གྱི་ལས་དོན་གོང་སྤེལ་གཏོང་བར་ཤོག ངས་འདི་ནས་ཨ་རིའི་ཚབ་བྱས་ཏེ་དགའ་སྤྲོ་ལྡན་པའི་ལོ་གསར་པ་ཞིག་གི་སྨོན་འདུན་ཞུ། ཞེས་གསུངས་འདུག
སྤྱི་ལོ་༢༠༡༥ལོ་ནས་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་བོད་ཀྱི་ལོ་གསར་དེ་བཞིན་གཞུང་འབྲེལ་གྱིས་སྲུང་བརྩི་གནང་ཡོད་པ་དང་། ད་རེས་མཛད་སྒོའི་ཐོག་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་བྱང་ཨ་རིའི་དོན་གཅོད་རྣམ་རྒྱལ་ཆོས་གྲུབ་ལགས་དང་། ས་གནས་བོད་རིགས་ཚོགས་པ་དང་ཚོགས་སྡེ་ཁག་གི་སྐུ་ཚབ། ཨ་རིའི་གཞུང་དང་གཞུང་འབྲེལ་མ་ཡིན་པའི་སྐུ་ཚབ་མང་དག་ཅིག་མཉམ་ཞུགས་གནང་འདུག

* ཤིང་འབྲུག་བོད་ཀྱི་ལོ་གསར་དང་འབྲེལ་བའི་གནས་ཚུལ་ཁག་འདིར་གནན་ན་གཟིགས་ཐུབ།


གསར་འགོད་པ། བསྟན་འཛིན་བདེ་སྐྱིད། ཀླུ་འབུམ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎