ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་ལོ་འཁོར་སྙན་ཐོའི་ནང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་གསལ་སྟོན་གནང་འདུག
ཨ་མི་རི་ཀའི་ཕྱི་སྲིད་ལས་ཁུངས་ཀྱིས་སྤྱི་ཟླ་བཞི་བའི་ཕྱི་ཚེས་༢༢ཉིན། འདས་བའི་ཕྱི་ལོ་༢༠༢༣ལོའི་བོད་དང་། ཧོང་ཀོང་། ཤར་ཏུར་ཀིསུ་ཐན་ཐེ་བའི་འཛམ་གླིང་ནང་གི་རྒྱལ་ཁབ་དང་ཡུལ་ལུང་འདྲ་མིན་༢༠༠ལྷག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་ལོ་འཁོར་སྙན་ཐོ་འདོན་སྤེལ་གནང་ཡོད་པ་དང་། བོད་ཀྱི་སྐོར་ལ་ཟུར་བཏོན་གནང་བའི་སྙན་ཐོའི་ནང་། བོད་ཀྱི་ཆབ་སྲིད་བཙོན་པ་ཁག་ཅིག་གི་མིང་གསལ་སྟོན་གནང་བ་དང་སྦྲགས། འདས་བའི་ལོ་གཅིག་རིང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་བཟང་ཕྱོགས་ཀྱི་འགྱུར་བ་གང་ཡང་སོང་མེད་པ་དང་། རྒྱ་ནག་གཞུང་གིས་མུ་མཐུད་དུ་ཉེས་མེད་ཉེས་འཛུགས་ཀྱིས་མི་སྣ་གང་བྱུང་འཛིན་བཟུང་དང་བཙོན་འཇུག་བྱེད་བཞིན་པ་དེ་དག་ཁྲོད། དཔེར་ན། རྒྱ་ནག་གཞུང་གིས་སྤྱི་ལོ་༢༠༢༡་ལོར་མཚོ་སྔོན་ཞིང་ཆེན་རྨ་ལྷོ་རེབ་གོང་རོང་བོ་དགོན་ཆེན་གྱི་དགེ་འདུན་པ། རྩོམ་པ་པོ་དང་སྙན་ངག་པ་རོང་བོ་གངས་དཀར་ལགས་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུའི་འཁྲུངས་སྐར་གཙོས་༧གོང་ས་མཆོག་དང་འབྲེལ་བའི་སྐད་ཆ་བཤད་ནས་སྙན་ངག་བྲིས་བ་ཙམ་གྱིས་འཛིན་བཟུང་བྱས་བ་དང་། ཡང་སྤྱི་ལོ་༢༠༢༢་ལོར་བོད་ཀྱི་རྒྱལ་ས་ལྷ་སའི་ཁུལ་དུ་རྒྱ་ནག་གཞུང་གིས་ཉིན་བརྒྱ་ཡི་རྡུང་རྡེག་ལས་འགུལ་ཟེར་བ་སྤེལ་སྐབས་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུ་པར་བདག་ཉར་བྱས་བའི་ཉེས་མིང་འོག་སྐར་མ་བསམ་གྲུབ་ལགས་ཞུ་བ་འཛིན་བཟུང་བྱས་པ། ད་དུང་དགུང་ལོ་དྲུག་ཙམ་ནས་རྒྱ་ནག་གཞུང་གིས་བཙན་ཁྲིད་བྱས་བའི་ཀུན་གཟིགས་པཎ་ཆེན་ཆུང་སྲིད་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མ་སྐུ་འཁོར་དང་བཅས་བ་ད་དུང་ཡང་གང་དུ་ཡོད་མེད་གནས་ཚུལ་ཁ་གསལ་མེད་པ་སོགས་བོད་ནང་གི་གནས་ཚུལ་ཁག་ཅིག་གཙོ་འདོན་གྱིས་རྒྱ་ནག་གི་དབང་བསྒྱུར་འོག་གི་བོད་ནང་གི་གནས་སྟངས་ཐེར་འདོན་གནང་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་རྒྱལ་མཚམས་བརྒལ་ནས་གྲངས་ཉུང་མི་རིགས་དང་རྒྱ་ནག་དང་ལྟ་སྤྱོད་མི་མཐུན་པ་ཚོའི་ཐོག་དྲག་གནོན་བྱེད་བཞིན་པ་ཤུགས་ཆེ་རུ་སོང་ཡོད་པ་དང་། གནས་སྟངས་དེའི་འོག་རྒྱལ་ཁབ་འདྲ་མིན་ནང་བཙན་བྱོལ་དུ་ཡོད་པའི་བོད་མི་ཚོར་སྡིགས་ར་སྐུལ་བ་དང་། བསུན་གཙེར་བཟོ་བ། རྗེས་འདེད་སོ་ཉུལ་ལ་སོགས་ཐབས་ལམ་འདྲ་མིན་བརྒྱུད་དྲག་གནོན་བྱེད་བཞིན་པ་དང་། ལྷག་པར་དུ་རྒྱ་ནག་གཞུང་གིས་བལ་ཡུལ་ལ་གནོན་ཤུགས་སྤྲད་ནས་བལ་ཡུལ་བརྒྱུད་བྲོས་བྱོལ་སྐྱབས་བཙོལ་དུ་ཡོད་མཁན་བོད་མི་ཚོར་ཕྱིར་རྒྱ་ནག་རྩིས་སྤྲོད་དགོས་བ་དང་། བལ་ཡུལ་ནང་གི་བོད་མི་ཚོར་ཆབ་སྲིད་ཀྱི་ལས་འགུལ་རིགས་སྤེལ་མི་འཇུག་རྒྱུ་དང་། ཁོང་ཚོར་སྐྱབས་བཅོལ་ལག་འཁྱེར་སྤྲོད་རྒྱུ་མཚམས་འཇོག་དགོས་བ་སོགས་ཀྱི་གནོན་ཤུགས་འོག་བོད་མི་ཚོར་དཀའ་ངལ་འཕྲད་བཞིན་པ་གསལ་སྟོན་གནང་འདུག
ད་རེས་ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་(Antony Blinken)་མཆོག་གིས། ལོ་འཁོར་སྙན་ཐོ་འདོན་སྤེལ་གནང་སྐབས། རྒྱ་ནག་དམར་ཤོག་ཚོགས་པས་བོད་ནང་དང་། ཧོང་ཀོང་། ཤར་ཏུར་ཀིསུ་ཐན་བཅས་ནང་གི་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་མུ་མཐུད་ནས་གཏོང་བཞིན་ཡོད་སྐོར་གསུངས་ཤིང་། སྙན་ཐོའི་ནང་རྒྱ་ནག་དམར་ཤོག་ཚོགས་པས་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་མུ་མཐུད་དུ་གཏོང་བཞིན་ཡོད་པ་དང་། དེའི་ཁོངས་སུ་ཤར་ཏུར་ཀིསུ་ཐན་གྱི་ཡུ་གུར་མི་རིགས་རྩ་མེད་བཟོ་ཐབས་ཀྱི་ནག་ཉེས་བསགས་ཀྱི་ཡོད་པ། བོད་ནང་གི་བོད་མི་རྣམས་ལ་དྲག་གནོན་བྱེད་མུས་ཡིན་པ། ཧོང་ཀོང་མི་མང་གི་གཞི་རྩའི་རང་དབང་ཐོབ་ཐང་ཐོག་དམ་དྲག་བཀག་སྡོམ་བྱེད་མུས་ཡིན་པ། དེ་བཞིན་རྒྱ་ནག་སྐམ་སའི་ནང་རང་གི་གཞི་རྩའི་རང་དབང་ཐོབ་ཐང་ལོངས་སུ་སྤྱོད་མཁན་ཚོར་དྲག་གནོན་བྱེད་བཞིན་ཡོད་པ་དང་། རྒྱ་ནག་ནང་རང་དབང་ལྡན་པའི་ཁྲིམས་དང་ཁྲིམས་རྩོད་པ་མེད་པ། ཁྲིམས་ཁང་གི་དབང་ཚད་ཡོད་ཚད་དམར་ཤོག་སྲིད་གཞུང་གིས་བཟུང་ཡོད་པ་སོགས་གསལ་སྟོན་གནང་བ་དང་མཉམ། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་ལོ་འཁོར་སྙན་ཐོ་དེ་ནི་ཨ་མི་རི་ཀ་གཞུང་གིས་རྒྱལ་སྤྱིའི་རྒྱལ་ཁབ་དང་ཡུལ་ལུང་ཁག་གི་མང་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་། ཆེ་མཐོང་ལ་སྲུང་སྐྱོབ་བྱེད་པར་ཐབས་མང་པོ་ཡོད་པའི་ནང་ནས་གཅིག་ཡིན་པ་དང་། ཨ་མི་རི་ཀའི་ངོས་ནས་རྒྱལ་སྤྱིའི་རྒྱལ་ཁབ་དང་ཡུལ་ལུང་ཁག་གི་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་མཁན་དང་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་མཁན་ཚོར་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་འགན་འཁྲིའི་ཁྲིམས་ལྟར་ཉེས་ཆད་གཅོད་བཞིན་པ་ནན་བརྗོད་གནང་སོང་།
གསར་འགོད་པ། བསྟན་འཛིན་བདེ་སྐྱིད། ཀླུ་འབུམ།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།