རྒྱ་ནག་གཞུང་གིས་བོད་དང་ཤར་ཏུར་ཀི་སི་ཐན་ནང་གི་མི་ཚོ་བཙན་ཤེད་ཀྱིས་ངལ་རྩོལ་སྐུལ་བཞིན་པ་རྒྱལ་སྤྱིའི་ངལ་རྩོལ་ཚོགས་པས་སྙན་ཐོ་བཏོན་ནས་ཐེར་འདོན་གནང་འདུག
རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཟེར་བ་དང་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་གཉིས་ཀྱི་ནང་བཙན་ཤེད་ཀྱིས་ངལ་རྩོལ་སྐུལ་བའི་བྱ་སྤྱོད་སྤེལ་གྱི་ཡོད་པ་རྒྱལ་སྤྱིའི་ངལ་རྩོལ་ཚོགས་པས་(International Labour Organization)་སྐྱོན་བརྗོད་དང་མཉམ་བཙན་ཤེད་ཀྱི་ལམ་ནས་བོད་ཀྱི་གྲོང་གསེབ་ཁག་ནང་གཞི་རྩའི་འཚོ་གནས་དང་བྲལ་བཅུག་ཏེ་ཁོང་རྣམས་བཟོ་གྲྭའི་ལས་རིགས་འདྲ་མིན་གཉེར་བཅུག་པ་དང་གནས་སྤོ་གཏོང་གི་ཡོད་པ་གསལ་སྟོན་གནང་འདུག
དེ་ཡང་འདི་ཚེས་༡༠རེས་གཟའ་ཟླ་བའི་ཉིན། རྒྱལ་སྤྱིའི་ངལ་རྩོལ་ཚོགས་པའི་ཁྱབ་ཁོངས་སུ་ཡོད་པའི་(Committee of Experts on the Applications of Conventions and Recommendation)་ཞེས་པའི་ཆེད་ལས་ཚོགས་ཆུང་གིས་འགྲེམས་སྤེལ་གནང་བའི་སྙན་ཐོའི་ནང་། རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཟེར་བ་དང་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་གཉིས་ཀྱི་ནང་བཙན་ཤེད་ཀྱིས་ངལ་རྩོལ་སྐུལ་བའི་བྱ་སྤྱོད་སྤེལ་གྱི་ཡོད་པ་དང་། དྲག་པོའི་ལམ་ནས་བོད་ཀྱི་གྲོང་གསེབ་ཁག་ནང་མི་ཚོ་གཞི་རྩའི་འཚོ་གནས་དང་བྲལ་བཅུག་ཏེ་ཁོང་རྣམས་བཟོ་གྲྭའི་ལས་རིགས་འདྲ་མིན་གཉེར་བཅུག་པ་དང་གནས་སྤོ་གཏོང་བཞིན་པ་དང་། རྒྱ་ནག་གཞུང་གིས་དེ་ལྟར་གནས་སྤོར་གྱི་སྲིད་ཇུས་སྤེལ་དོན་ནི་བོད་མི་རྣམས་རང་ཉིད་ཀྱི་ཆོས་ལུགས་ཀྱི་ཤུགས་རྐྱེན་དེ་ལས་བྲལ་ཐབས་སླད་དུ་ཡིན་པ་བརྗོད་འདུག
གནད་དོན་དེའི་ཐད་བོད་མིའི་སྒྲིག་འཛུགས་དང་། འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་རྣམས་ཀྱིས་ཀྱང་རྒྱ་ནག་གི་བྱེད་སྟངས་ལ་སྐྱོན་བརྗོད་བྱེད་བཞིན་པ་རེད།
ཡང་གོང་ཞུས་སྙན་ཐོའི་ནང་། དེ་སྔ་ལོ་བཅུ་ཕྲག་གཅིག་གི་ནང་རྒྱ་ནག་གཞུང་གིས་བཙན་ཤེད་ཀྱི་ཐབས་ལམ་ཐོག་ནས་དཔེར་ན། དམག་གི་སྒྲིག་འཛུགས་ཀྱི་རྣམ་པ་ཡོད་པའི་ལས་རིགས་ཟབ་སྤྱོང་ཆེད་འཛུགས་ཀྱི་ཐབས་ལམ་དང་། ཡང་ན་རྒྱ་ནག་གི་གཞུང་འབྲེལ་དཔོན་རིགས་ཀྱིས་ཐད་ཀར་ཐེ་བྱུས་ཐོག་ནས་བོད་ནང་དུ་ཡོད་པའི་ཞིང་པ་དང་འབྲོག་པ་རྣམས་རང་ཉིད་ཀྱི་ས་ཞིང་ནས་བཙན་བཤེད་ཀྱི་གནས་སྤོ་རུ་བཅུག་ཏེ་ལམ་བཟོ་དང་། གཏེར་ཁ་སྔོག་འདོན་ཡང་ན་ཟས་རིགས་བཟོ་སྐྲུན་སོགས་ཀྱི་བཟོ་གྲྭའི་ལས་རིགས་འདྲ་མིན་ནང་ཞུགས་བཅུག་ཏེ་དངུལ་གྱི་ཡོང་འབབ་ཚད་མཇལ་ཐུབ་པའི་ལས་རིགས་ནང་བཞག་ཡོད་པ་གསལ་འདུག
འདས་པའི་ལོ་ངོ་ཁ་ཤས་ནས་བཟུང་། རྒྱ་ནག་གཞུང་གིས་བོད་ནང་གི་ས་ཁུལ་གང་སར་གྲོང་གསེབ་དར་སྤེལ་དང་ཡར་རྒྱས་འཛུགས་སྐྲུན་ཞེས་པའི་ལས་གཞིའི་འོག བོད་མི་ཞིང་འབྲོག་མང་ཚོགས་རྣམས་རྒྱ་ནག་གཞུང་གིས་བཀོད་སྒྲིག་བྱས་པའི་སྡོད་ཁང་དང་རྫོང་ཐོག་སོགས་སུ་གནས་སྤོ་བྱེད་བཅུག་སྟེ། རྒྱ་ནག་གཞུང་འབྲེལ་གྱི་བཟོ་གྲྭ་དང་ལས་གནས་ཁག་ཏུ་བཙན་ཤེད་ཀྱིས་བཅུག་སྟེ། ངལ་རྩོལ་བར་སྒྱུར་ཐབས་བྱེད་བཞིན་ཡོད་པ་ཕྱི་ལོ་༢༠༢༣ལོར་བོད་ནང་གི་འབྲེལ་ཡོད་ནས་འདི་གའི་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་ཡོད་པ་རེད།
དེ་བཞིན་སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་ཡོ་རོབ་རྒྱ་རིགས་འབྲེལ་མཐུད་པ་དང་། བོད་རྒྱའི་གནས་ཚུལ་ཉམས་ཞིབ་པ་སངས་རྒྱས་སྐྱབས་ལགས་ཀྱིས་ཀྱང་རྒྱ་ནག་གཞུང་གིས་བོད་མི་ཞིང་འབྲོག་མང་ཚོགས་ཚོ་གྲོང་ཁྱེར་ཅན་ལ་བསྒྱུར་པ་ཞེས་བའི་སྲིད་ཇུས་ལག་བསྟར་བྱས་ནས་བོད་ཀྱི་རིག་གཞུང་དང་ངོ་བོ་རྩ་མེད་གཏོང་གི་ཡོད་པ་གསུངས་བྱུང་།
དེ་འབྲེལ་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་ཀྱིས། རྒྱ་ནག་གཞུང་གིས་བོད་མི་འབྲོག་པ་དང་ཞིང་པ་རྣམས་བཙན་དབང་གིས་གནས་སྤོ་བྱས་བཅུག་པ་མ་ཟད། ད་དུང་རྒྱ་གཞུང་གིས་དེ་ནི་ཆོས་ལུགས་ཀྱི་ཤུགས་རྐྱེན་ངན་པ་མེད་པ་བཟོ་རྒྱུའི་ཐབས་ལམ་ཡིན་ལུགས་བཤད་པ་ནི་རྒྱ་ནག་གཞུང་གིས་ཧམ་བཤད་བྱས་པ་རང་རེད་ལ། ལོ་མང་ནས་རྒྱ་ནག་གཞུང་གིས་བོད་ནང་དཔལ་འབྱོར་ཡར་རྒྱས་ལ་ཁ་གཡར་ནས་བོད་མིའི་འཚོ་བ་དང་རིག་གཞུང་རྩ་མེད་གཏོང་བཞིན་པ་དངོས་ཡོད་ཡིན། རྒྱལ་སྤྱིའི་ངལ་རྩོལ་ལས་ཁུངས་ལྟ་བུའི་ཚོགས་པས་རྒྱ་ནག་གཞུང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བའི་གནད་དོན་ཐེར་འདོན་བྱས་ནས་རྒྱ་ནག་ལ་གནོན་ཤུགས་སྤྲད་པར་བསྔགས་བརྗོད་ཡོད་ལ། དེ་གལ་ཆེན་པོ་ཡང་རེད་ཅེས་འདི་གའི་ཨེ་ཤེ་ཡའི་རང་དབང་རླུང་འཕྲིན་ཁང་ལ་ཡིག་ཐོག་ལན་འདེབས་གནང་བྱུང་།
ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་ཀྱིས་རྒྱ་ནག་གཞུང་གིས་བཙན་ཤེད་ཀྱིས་བོད་མི་ཞིང་འབྲོག་མང་ཚོགས་ཚོ་གྲོང་ཁྱེར་དུ་གནས་སྤོར་དུ་བཅུག་རྗེས་བོད་མི་ཚོའི་འཚོ་བ་ལ་ཤུགས་རྐྱེན་ངན་པ་ཐེབས་ཀྱི་ཡོད་པ་གསུངས་བྱུང་།
རྒྱ་ནག་གཞུང་གི་བཙན་ཤེད་ཀྱིས་གཏེར་ཁ་སྔོག་འདོན་དང་། ཡུལ་སྐོར་སྤྲོ་འཆམ་ལྟ་བུའི་ལས་འཆར་འདྲ་མིན་འོག བོད་ཆོལ་ཁ་གསུམ་ཁྱོན་ཡོངས་ནས་འབྲོག་པ་མང་དག་ཞིག་ལ་གཞི་རྩའི་འཚོ་བ་ལ་རོལ་མ་འཇུག་པར་གནས་སྤོ་བྱ་དགོས་འབྱུང་བཞིན་པའི་གནས་ཚུལ་དེའི་རིགས་དེ་སྔ་ཕྱི་ལོ་༢༠༠༨ ནས་བཟུང་མངོན་གསལ་དོད་པོར་རྒྱལ་སྤྱིའི་སྤྱི་ཚོགས་ནས་དོ་སྣང་ཤུགས་ཆེན་པོ་བྱས་ཡོད་པ་རེད་ལ། ལྷག་པར་སྤྱི་ལོ་༢༠༡༣་ལོ་ནས་བཟུང་རྒྱ་ནག་གཞུང་གིས་དབུལ་སྐྱོར་ལས་གཞི་ཟེར་བ་དང་། གྲོང་གསེབ་གྲོང་ཁྱེར་ཅན་དུ་སྒྱུར་པའི་སྲིད་བྱུས་ཞེས་བོད་ས་ཁྱོན་ཡོངས་དུ་ལག་བསྟར་བྱེད་བཞིན་པ་དེས་རྒྱ་མི་རིགས་བོད་ནང་ཡོང་རྒྱུར་སྟབས་བདེ་རུ་འགྲོ་བཞིན་ཡོད་པ་སོགས་བོད་མི་དང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་སྡེ་ཁག་ནས་སེམས་ཚབས་བྱེད་དགོས་ཆགས་ཡོད་པ་རེད། དེ་ནས་ཡང་སྤྱི་ལོ་༢༠༢༣་ལོའི་ཟླ་བཞིའི་ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེད་མཁས་བ་ཁག་ཅིག་གིས་ཉེ་བའི་ལོ་ཤས་རིང་རྒྱ་ནག་གིས་ཞིང་འབྲོག་བོད་མི་ཚོ་རྒྱ་གཞུང་གིས་ལག་རྩལ་དམའ་བའི་ལས་ཀའི་ནང་འཛུལ་ཞུགས་ཆེད་དུ་བཙན་ཤེད་ཀྱིས་ལས་རིགས་སྤྱོང་བརྡར་ནང་ཞུགས་བཅུག་པ་དེས་ཁོང་ཚོའི་སྐད་ཡིག་དང་ཆོས་ལུགས། རིག་གཞུང་སོགས་འཕྲོག་བཅོམ་བྱས་པ་ལྟར་ཆགས་ཡོད་པ་དང་། དེའི་ནང་བོད་མི་གཅིག་འབུམ་ཙམ་ལ་ཤུགས་རྐྱེན་སླེབས་ཡོད་པ་བརྗོད་ཡོད་པ་རེད་ལ། དེ་བཞིན་རྒྱ་གཞུང་གིས་བོད་མི་ཚོར་ལས་གཞི་དེ་འདྲའི་འཆར་གཞི་དེའང་སྤྱི་ལོ་༢༠༡༥་ནས་འགོ་བཙུགས་བྱས་ཡོད་པ་སྐབས་དེར་གནས་ཚུལ་སྤེལ་བའི་ནང་ཡང་གསལ་ཡོད་པ་རེད། ད་རེས་རྒྱལ་སྤྱིའི་ངལ་རྩོལ་ཚོགས་པས་བོད་ནང་གི་ཞིང་འབྲོག་གྲོང་ཁྱེར་ཅན་དུ་སྒྱུར་པའི་གནད་དོན་ཐད་སྙན་ཐོ་སྤེལ་བར་གཞིགས་ན། ལས་མི་མཁོ་སྤྲོད་ཀྱི་བར་ཚོང་བ་རྣམས་ཀྱིས་གྲོང་གསེབ་ཁག་ནས་ལས་མི་གནས་སྤོ་རིམ་པའི་འཕར་བཞིན་པའི་ཁྲོད། དེ་སྔ་ཕྱི་ལོ་༢༠༢༤ ལོར་ཁྱོན་མི་དྲུག་འབུམ་སུམ་ཁྲི་ལ་སླེབས་ཡོད་པ་ཡང་བརྗོད་འདུག
གསར་འགོད་པ། ཆོས་སྐྱིད།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།