སྲིད་སྐྱོང་མཆོག་དང་ཨ་རིའི་བོད་དོན་ཆེད་དམིགས་བསལ་འབྲེལ་མཐུད་པ་གཉིས་ཨ་རིའི་ཕྱི་སྲིད་ལས་ཁུངས་སུ་མཇལ་མོལ་གནང་འདུག

2024.04.18
སྲིད་སྐྱོང་མཆོག་དང་ཨ་རིའི་བོད་དོན་ཆེད་དམིགས་བསལ་འབྲེལ་མཐུད་པ་གཉིས་ཨ་རིའི་ཕྱི་སྲིད་ལས་ཁུངས་སུ་མཇལ་མོལ་གནང་འདུག སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཨ་རིའི་ཕྱི་སྲིད་ལས་ཁུངས་སུ་ཕེབས་ནས་ཨ་རིའི་བོད་དོན་ཆེད་དམིགས་བསལ་འབྲེལ་མཐུད་པ་ལྕམ་(Uzra Zeya)་ལགས་དང་མཇལ་མོལ་གནང་སྐབས། ༠༤།༡༧།༢༠༢༤
Office of Tibet, DC

དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དེང་སྐབས་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ཌི་སི་(Washington DC)་ཁུལ་དུ་གཞུང་འབྲེལ་འཚམས་གཟིགས་གནང་བཞིན་ཡོད་པ་ལྟར། ཕྱི་ཟླ་ ༤ ཚེས་ ༡༧ ཉིན་ཨ་རིའི་ཕྱི་སྲིད་ལས་ཁུངས་སུ་ཆེད་ཕེབས་ཀྱིས་ཨ་རིའི་བོད་དོན་ཆེད་དམིགས་བསལ་འབྲེལ་མཐུད་པ་ལྕམ་ཨུཛ་ར་ཛི་ཡ་(Uzra Zeya)་མཆོག་གིས་གཙོས་འབྲེལ་ཡོད་ལས་བྱེད་ཁག་ཅིག་དང་མཇལ་མོལ་གནང་འདུག་ཅིང་། དེའི་སྐོར་སྲིད་སྐྱོང་མཆོག་དང་མཉམ་བཅར་ཞུ་མཁན་བྱང་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་གྲུབ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། ད་རེས་སྲིད་སྐྱོང་མཆོག་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་(Uzra Zeya)་མཆོག་དང་མཇལ་འཕྲད་གནང་སྐབས། ཨ་རིའི་གཞུང་གིས་བོད་དོན་ཐད་ལས་དོན་གནང་ཕྱོགས་སྤྱི་དང་། ཡང་སྒོས་བོད་དོན་དམིགས་བསལ་འབྲེལ་མཐུད་པའི་ལས་ཁུངས་ཀྱི་ངོས་ནས་བོད་དོན་སྐོར་ལ་ལས་དོན་གང་གནང་ཡོད་པ་ལས་བསྡོམས་ངོ་སྤྲོད་གནང་བ་དང་། སྲིད་སྐྱོང་མཆོག་གི་ངོས་ནས་བོད་རྒྱའི་རྩོད་རྙོག་སེལ་བར་སྐུལ་འདེད་གཏོང་པའི་ཁྲིམས་འཆར་གཙོས་པའི་བོད་མིའི་སྒྲིག་འཛུགས་ཀྱིས་ཐབས་བྱུས་ཀྱི་ཐོག་ནས་ལས་དོན་ཇི་གནང་དང་། ཕྱིའི་རྒྱལ་ཁབ་ཇི་ཙམ་ལ་སྙོབ་ཀྱི་ཡོད་མེད། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱྭའི་སྐོར། རྒྱ་ནག་གཞུང་གིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མ་འོངས་ཡང་སྲིད་སྐོར་ལ་ཐེ་ཇུས་བྱེད་པའི་ཐབས་བྱུས་འདྲ་མིན་སྤེལ་བཞིན་ཡོད་པར་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་འཛིན་པའི་ལངས་ཕྱོགས་ཇི་ཡིན། རྒྱ་ནག་གཞུང་གི་བྱ་ཐབས་གང་ཡིན་ལ་མ་བལྟོས་པར་དེའི་ཐད་གདོང་ལེན་གྱི་ཆེད་དུ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ད་ལྟའི་ཆར་ལས་དོན་ག་རེ་གནང་གི་ཡོད་མེད། ད་དུང་མུ་མཐུད་དུ་མ་འོངས་ལས་དོན་བྱེད་ཕྱོགས་སོགས་ཀྱི་སྐོར་ལ་གོ་བསྡུར་གནང་ཡོད་འདུག
དེ་བཞིན་སྲིད་སྐྱོང་མཆོག་གིས་སྐབས་དེར་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་བཀོད་བྱུས་དང་ཐོན་བསྐྱེད་སྡེ་ཚན་གྱི་དྲུང་ཆེ་གཞོན་པ་(Richard Verma)་ལགས་དང་མཇལ་འཕྲད་གནང་ཡོད་པ་དང་། སྐབས་དེར་ཁོང་གིས་ཁོང་སྔོན་མ་ནས་བོད་དོན་ཐད་དོ་སྣང་ཡོད་པ་དང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་མཇལ་མྱོང་ཡོད་པ། མུ་མཐུད་དུ་བོད་དོན་ཐད་དོ་སྣང་དང་རྒྱབ་སྐྱོར་གནང་རྒྱུ་ཡིན་པ་བཅས་གསུངས་ཡོད་འདུག སྐུ་ཞབས་(Richard Verma)་ལགས་ནི་དེ་སྔོན་རྒྱ་གར་ནང་བཅའ་སྡོད་ཨ་རིའི་གཞུང་ཚབ་པ་གནང་མྱོང་ཡོད་པ་རེད།
ད་རེས་སྲིད་སྐྱོང་མཆོག་གིས་ཨ་རིའི་གཞུང་གི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་དང་མཇལ་འཕྲད་བཀའ་མོལ་གནང་སྐབས། ལས་ཁུངས་དེའི་སློབ་སྟོན་པ་ཨེལིསཎ་སྦར་ཊེལ་ (Alison Bartel)་ལགས་དང་། ལས་བྱེད་ཀེམེརོན་(Kameron)་ལགས། དེ་བཞིན་ཨནྗལི་ཀོར་(Anjali Kore)་བཅས་བཅར་ཡོད་པ་དང་། ཨནྗལི་ཀོར་(Anjali Kore)་ལགས་ནི་ཨ་རིའི་རྒྱལ་སྤྱིའི་རོགས་སྐྱོར་སྡེ་ཚན་གྱི་འབྲེལ་ཡོད་མི་སྣ་གལ་ཆེན་ཞིག་ཆགས་ཡོད་པ་དང་། དམིགས་བསལ་ཨ་རིའི་གཞུང་གིས་བོད་དོན་ཐད་ལ་དཔལ་འབྱོར་གྱི་རོགས་རམ་གནང་ཕྱོགས་ཐད་འབྲེལ་བ་ཆགས་ཡོད་པས་ཚོགས་འདུ་དེའི་ནང་མཉམ་ཞུགས་གནང་བ་ཞིག་ཡིན་འདུག
སྲིད་སྐྱོང་མཆོག་གིས་ཕྱི་ཚེས་༡༨ཉིན་ཨ་རིའི་གྲོས་ཚོགས་གོང་མའི་སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་མཐོ་རིམ་ལས་བྱེད་སྐུ་ཞབས་པཱོལ་གྷརོབ་(Paul Grove)་ལགས་དང་མཇལ་འཕྲད་གནང་ཡོད་པ་དང་། སྐུ་ཞབས་པཱོལ་གྷརོབ་(Paul Grove)་ལགས་གཙོས་པའི་གནད་ཡོད་མི་སྣ་ཁག་ཅིག་ཉེ་ཆར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཁ་ཞུས་ཡོད་པ་རེད། ད་རེས་ཁོང་གིས་སྲིད་སྐྱོང་མཆོག་དང་མཇལ་འཕྲད་སྐབས་བོད་ཀྱི་གནད་དོན་དང་། ཡང་སྒོས་བོད་མིའི་སྒྲིག་འཛུགས་བཅས་ལ་ཨ་རིའི་གཞུང་གིས་དཔལ་འབྱོར་གྱི་རོགས་རམ་གང་འདྲ་གནང་དགོས་མིན་སྐོར་ལ་བཀའ་མོལ་ཞུས་ཡོད་འདུག
ད་དུང་སྲིད་སྐྱོང་མཆོག་གིས་རྒྱལ་ས་ཝ་ཤིང་ཊོན་ཌི་སི་( Washington DC)་ནང་རྟེན་གཞི་བྱས་པའི་(Hudson)་ཉམས་ཞིབ་ལྟེ་གནས་ཁང་གི་ཨ་རིའི་ལོ་རྒྱུས་དང་ཐབས་བྱུས་མཁས་དབང་མཡེལསི་ཡུ་(Miles Yu)་ལགས་དང་མཇལ་འཕྲད་གནང་ཡོད་ཅིང་། ཕྱི་ཚེས་༡༨ཉིན་ཨ་རིའི་རོགས་ཚོགས་(USAID)་ཀྱི་འབྲེལ་ཡོད་མི་སྣ་ཁག་དང་མཇལ་འཕྲད་གནང་རྒྱུ་ཡིན་འདུག

*དེའི་སྔོན་གྱི་མཇལ་མོལ་གནས་ཚུལ།


གསར་འགོད་པ། ཆོས་སྐྱིད།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎