ཨ་རིའི་གྲོས་ཚོགས་ཀྱི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་སྙན་ཐོའི་ནང་རྒྱ་ནག་གིས་བོད་མིའི་ཆོས་དད་རང་དབང་རྡོག་རོལ་གཏོང་བཞིན་པ་ཐེར་འདོན་གནང་འདུག
ཨ་རིའི་གྲོས་ཚོགས་ཀྱི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱིས་ཕྱི་ཟླ་༥ཚེས་༡་ཉིན་རྒྱལ་སྤྱིའི་ཆོས་དད་རང་དབང་གི་ལོ་འཁོར་སྙན་ཐོ་འདོན་སྤེལ་གནང་ཡོད་པ་དང་། སྙན་ཐོ་དེའི་ནང་རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་རྒྱ་ནག་ཅན་དུ་བསྒྱུར་བཞིན་པ་དེས་བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་གི་ངོ་བོ་གནས་མིན་ཉེན་ཁར་གྱུར་ཡོད་ཐེར་འདོན་དང་མཉམ། རྒྱ་བསྒྱུར་གྱི་སྲིད་ཇུས་དེའི་འོག་བོད་མིའི་ཐོག་ལ་ལྟ་སྲུང་ནན་དུ་བཏང་པ་དང་། ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་བྱས་པ། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་བདག་ཉར་བྱས་པ་ཙམ་གྱི་བཙོན་འཇུག་བྱེད་པ། གསུང་ཆོས་ཞུས་བ་ར་སྤྲོད་བྱུང་མཚམས་འཛིན་བཟུང་བཙོན་འཇུག་བྱས་པ། རང་ལུས་མེར་སྲེག་གཏོང་རྒྱུར་འགོག་ཐབས་སུ་ཆབ་སྲིད་ཀྱི་སློབ་གསོ་རྒྱག་པ། ས་གནས་ཀྱི་ལས་བྱེད་འགའ་ཤས་ཀྱིས་བོད་པའི་ཕ་མ་ཚོས་བོད་ཕྲུག་ཚོར་ནང་ཆོས་བྱེད་མི་ཆོག་པའི་བཀག་སྡོམ་བྱེད་ཀྱི་ཡོད་པ་སོགས་སྙན་ཐོའི་ནང་ཁ་གསལ་བཀོད་དེ་བོད་ནང་གི་བོད་མིའི་ཆོས་དད་རང་དབང་ལ་རྒྱ་ནག་གཞུང་གིས་རྡོག་རོལ་གཏོང་བཞིན་ཡོད་པ་ཐེར་འདོན་གནང་བ་དང་། རྒྱ་ནག་དེ་བཞིན་ཆོས་དད་རང་དབང་རྡོག་རོལ་གཏོང་མཁན་སེམས་ཚབས་བྱ་ཡུལ་གྱི་རྒྱལ་ཁབ་ཁོངས་སུ་ཨ་རིའི་གཞུང་གིས་ངོས་འཛིན་བྱེད་དགོས་པའི་རྒྱབ་གཉེར་གནང་འདུག
སྙན་ཐོ་དེའི་ནང་མུ་མཐུད་དུ། བོད་ནང་གི་བོད་ཕྲུག་ས་ཡ་གཅིག་ཙམ་བཅའ་སྡོད་སློབ་གྲྭའི་ནང་བཅུག་ཏེ་བོད་མི་རིགས་བསྲེས་ལྷད་ཀྱི་ལས་དོན་སྤེལ་གྱི་ཡོད་པ་གསལ་སྟོན་གནང་འདུག
སྙན་ཐོ་འདོན་སྤེལ་དང་མཉམ་ལྷན་ཚོགས་ཀྱི་ཚོགས་མི་(Frank Wolf)་ལགས་ཀྱིས། རྒྱ་ནག་གཞུང་གིས་བོད་པའི་བྱིས་པ་ཚོ་སོ་སོའི་ཕ་མ་དང་ཁ་བྲལ་དུ་བཏང་སྟེ་བཙན་ཤེད་ཀྱིས་ཁོ་ཚོ་རྒྱ་ནག་གིས་འཛིན་སྐྱོང་བྱེད་བཞིན་པའི་བཅའ་སྡོད་སློབ་གྲྭར་བཅུགས་ནས་རྒྱ་ནག་མི་རིགས་དང་མཉམ་བསྲེས་དང་རྒྱ་སྒྱུར་གྱི་སློབ་གསོ་གཞི་རྒྱ་ཆེན་པོས་སྤེལ་བཞིན་ཡོད་པ་རེད་ཅེས་བརྗོད་སོང་།
དེ་འབྲེལ་ཨ་མི་རི་ཀའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་འགན་འཛིན་ཚོགས་མི་སྐུ་ཞབས་(Nury Turkel)་ལགས་ཀྱིས། རྒྱ་ནག་གཞུང་གིས་དཔལ་འབྱོར་དང་ས་ཁམས་ཆབ་སྲིད་ཀྱི་ཤུགས་རྐྱེན་ལ་བརྟེན་ནས་རྒྱལ་མཚམས་བརྒལ་བའི་དྲག་གནོན་གྱི་བྱ་སྤྱོད་སྤེལ་གྱི་ཡོད་པ་ཡང་ཐེར་འདོན་གནང་སྐབས། ཕྱི་ལོ་༢༠༢༣ལོར་རྒྱ་ནག་གཞུང་གིས་ཨ་རི་དང་། ཉི་ཧོང་། ལྷོ་ཀོ་རི་ཡ། ཏུར་ཀེ་(Turkey) ཐེ་ལན་ཌི་(Thailand)་ལ་སོགས་རྒྱལ་ཁབ་ཁག་ནང་གི་བོད་པ་དང་། ཡེ་ཤུ། ཧྥ་ལུང་ཀོང་རྩ་རླུང་སྒོམ་སྒྲུབ་པ་སོགས་རྒྱ་ནག་ནང་གི་མི་རིགས་དང་ཆོས་ལུགས་ཀྱི་ཚོགས་སྡེ་ཁག་མུ་མཐུད་དུ་དམིགས་འབེན་དུ་བཟུང་སྟེ་སྡང་ཟུག་བྱེད་ཀྱི་ཡོད་པ་གསུངས་སོང་ལ། དེའི་དཔེ་མཚོན་དུ་ཁོང་གིས། ཉུང་མཐར་ཡང་རྒྱལ་ཁབ་༥༣་གྱི་ནང་རྒྱ་ནག་གིས་གསང་བའི་ཉེན་རྟོག་ལས་ཁུངས་བརྒྱ་ལས་བརྒལ་བ་བཙུགས་ཡོད་པ་དང་། ཕྱི་ལོ་༢༠༢༣་ཟླ་༤པའི་ནང་ཨ་རིའི་ཁྲིམས་ལུགས་ལས་ཁུངས་ཀྱིས་ནེའུ་ཡོག་གྲོང་ཁྱེར་ནང་ཁྲིམས་འགལ་གྱིས་རྒྱ་ནག་གི་རྒྱ་མཚོའི་ཕ་རོལ་དུ་ཉེན་རྟོག་ལས་ཁུངས་ཤིག་བཙུགས་པ་དང་འབྲེལ་བ་ཡོད་པའི་མི་གཉིས་འཛིན་བཟུང་བྱས་ཏེ་ཉེས་འཛུགས་བྱས་ཡོད་པ་ལུང་འདྲེན་གནང་སོང་།
ཨ་རིའི་གྲོས་ཚོགས་ཀྱི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱིས་འདས་བའི་༢༠༢༣ལོའི་རྒྱལ་སྤྱིའི་ནང་གི་ཆོས་དད་རང་དབང་གི་གནས་བབ་སྐོར་ལོ་འཁོར་གྱི་སྙན་ཐོ་ཤོག་གྲངས་༩༦་ཡོད་པ་འདོན་སྤེལ་གནང་བའི་ནང་། དམིགས་བསལ་དོ་ཁུར་བྱས་པའི་རྒྱལ་ཁབ་༡༧ཚུད་ཡོད་པ་དང་། རྒྱལ་ཁབ་༡༡དམིགས་བསལ་ལྟ་སྲུང་བྱེད་པའི་ཐོ་གཞུང་ནང་བཅུག་འདུག་ལ། དམིགས་བསལ་དོ་ཁུར་བྱེད་པའི་ས་ཁུལ་དུ་ཡུལ་ལུང་༧མིང་འདོན་བྱས་འདུག
ད་ལོ་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱིས་ལོ་འཁོར་སྙན་ཐོ་བཏོན་པའི་དུས་སྐབས་ནི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་ཁྲིམས་ཡིག་གཏན་ལ་ཕབ་ནས་ལོ་ངོ་༢༥འཁོར་བའི་དུས་ཚིགས་དང་འཁེལ་གྱི་ཡོད་པ་དང་། ཨ་རིའི་ཕྱི་སྲིད་ལས་ཁུངས་ལ་རྒྱབ་གཉེར་འགོད་འབུལ་ཞུ་བའི་འཛམ་གླིང་གི་ཡུལ་གྲུ་ཁག་གི་ཆོས་དད་རང་དབང་གི་གནས་སྟངས་དང་། ཞིབ་འཇུག་གི་སྙན་ཐོ་ཞིག་ཀྱང་ཡིན་པ་རེད།།
གསར་འགོད་པ། བསྟན་འཛིན་དཔལ་མོ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།