ཨ་རིའི་རྒྱལ་སར་རྒྱལ་སྤྱིའི་ཆོས་དད་རང་དབང་གི་ལྷན་ཚོགས་སྐོང་འཚོགས་གནང་སོང་།

འདི་ཚེས་༤་དང་༥ཉིན་གཉིས་རིང་ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་རྒྱལ་སྤྱིའི་ཆོས་དད་རང་དབང་གི་ལྷན་ཚོགས་ཤིག་འཚོགས་ཡོད་པ་དང་། ཨ་རིའི་ཊམཔ་(Trump)སྲིད་གཞུང་གིས་རྒྱལ་སྤྱིའི་ནང་དུ་ཆོས་དད་རང་དབང་ཐད་ལ་རྒྱབ་སྐྱོར་གནང་རྒྱུའི་འདུན་པ་ཡོད་པ་སྲིད་འཛིན་གཞོན་པ་(JD Vance)ཡིས་ཚོགས་འདུའི་ཐོག་གསུངས་ཡོད་པ་རེད།
སྐབས་དེར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་གཞུང་ཚབ་པ་ཟུར་པ་དང་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ཚོགས་ཆེན་གྱི་ཟུང་སྦྲེལ་ཚོགས་གཙོ་སྐུ་ཞབས་(Sam Brownback)་ལགས་སུ་བཅར་འདྲི་ཞུས་སྐབས། ཁོང་གིས་རྒྱ་ནག་གིས་སྲིད་བྱུས་ལངས་ཕྱོགས་གཞིར་བཞག་གིས་ཨ་རིའི་ནང་བོད་དང་ཤིན་ཅང་གི་མི་དམངས་དང་། རྒྱ་ནག་ནང་གི་ཡི་ཤུ་དང་། ཧྥ་ལུང་ཀོང་རྩ་རླུང་སྒོམ་སྒྲུབ་ཚོགས་པ་བཅས་ཀྱི་ཁ་གཏད་དུ་ཞུ་གཏུག་ལས་འགུལ་ཤུགས་ཆེ་སྤེལ་གྱི་ཡོད་པ་དག་ང་ཚོས་བཀག་སྡོམ་བྱེད་དགོས་པའི་རྒྱབ་གཉེར་ཞུ་བཞིན་ཡོད་པ་དང་། འདས་བའི་ལོ་ངོ་བཅུ་ཕྲག་ཁ་ཤས་རིང་རྒྱ་ནག་གཞུང་གིས་བོད་མི་རིགས་རྩ་མེད་གཏོང་བའི་སྲིད་ཇུས་ལག་བསྟར་བྱེད་བཞིན་པ་ཨ་རིས་ངོས་འཛིན་ཞུ་དགོས་ཀྱི་འདུག་ཅེས་གསུངས་བྱུང་།
ད་དུང་ཁོང་གིས། ༧གོང་ས་ཏཱ་ལའི་བླ་མ་ནི་ལོ་ངོ་བརྒྱ་ཕྲག་མང་པོའི་རིང་བོད་བརྒྱུད་ནང་བསྟན་ཀྱི་འགྲོ་ལུགས་ལྟར་ངོས་འཛིན་གནང་ནས་ཡོང་བ་ཡིན་པས། ད་སྐབས་རྒྱ་ནག་གཞུང་གིས་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་མ་འོངས་སྐུའི་ཡང་སྲིད་ཐད་ཐེ་ཇུས་བྱེད་བཞིན་པ་ནི་མགོ་སྐོར་གཏོང་གཞི་ཡིན་པས། རྒྱ་ནག་གཞུང་གིས་མ་འོངས་བསྐོ་བཞག་བྱས་བའི་ཏཱ་ལའི་བླ་མ་གང་རུང་ལ་ཨ་མི་རི་ཀའི་ངོས་ནས་ངོས་ལེན་གནང་གི་མ་རེད། དེའི་ཐད་ཁོང་དེ་སྔ་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་གཞུང་ཚབ་ཀྱི་མིང་ཐོག་བཞུགས་སྒར་རྡ་རམ་ས་ལར་ཆེད་བསྐྱོད་ཀྱིས་ལངས་ཕྱོགས་ཁ་གསལ་བཟོས་ཟིན་པས། མུ་མཐུད་དུ་རྒྱ་ནག་གིས་ཐེ་ཇུས་བྱས་བ་ཡིན་ན་དེའི་མཇུག་འབྲས་ཤུགས་ཆེ་བ་ཡོང་རྒྱུའི་ཨ་རིའི་ལངས་ཕྱོགས་དེ་རྒྱ་ནག་ལ་བསྐྱར་ནན་བྱེད་དགོས་བའི་སྐུལ་མ་བཏང་གནང་སོང་།
ད་རེས་ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་འཚོགས་པའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་ལྷན་ཚོགས་ཐོག རྒྱལ་སྤྱིའི་རྒྱལ་ཁབ་འདྲ་མིན་གྱི་ཆོས་དད་རང་དབང་འཐབ་རྩོད་པ་དང་དོན་གཉེར་བ་༡༥༠༠ལྷག་འདུ་འཛོམས་གནང་ཡོད་པ་དང་། འདུ་འཛོམས་དེའི་ཐོག་ཨ་རིའི་སྲིད་འཛིན་གཞོན་པ་(JD Vance)་ཡིས་ཨ་རིའི་སྲིད་འཛིན་ཊམཔ་(Trump)་སྲིད་གཞུང་གིས་འཛམ་གླིང་ཡོངས་སུ་ཆོད་དད་རང་དབང་རྡོག་རོལ་གཏོང་མཁན་ལ་ཁ་གཏད་གཅོག་རྒྱུ་དང་། རྒྱལ་སྤྱིའི་ནང་དུ་ཆོས་དད་རང་དབང་ཐད་ལ་རྒྱབ་སྐྱོར་གནང་རྒྱུ་ཡིན་པ་ནན་གསུངས་གནང་སོང་།
གསར་འགོད་པ། བསྟན་འཛིན་བདེ་སྐྱིད། བསྟན་འཛིན་པདྨ། ཀླུ་འབུམ།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།