རྒྱ་ནག་གཞུང་གིས་བོད་ནང་གི་ཆོས་དད་རང་དབང་རྡོག་རོལ་གཏོང་བཞིན་པར་མཐའ་གཅིག་ཏུ་ངོ་རྒོལ་ཡོད་ཟེར།
དེ་ཡང་སྤྱི་ཟླ་༡༡པའི་ཚེས་༡༧ཉིན་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱིས། རྒྱལ་སྤྱིའི་ནང་གི་ཆོས་དད་རང་དབང་གི་གནས་སྟངས་ཐད་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་ཡོད་པའི་ནང་དུ། གོ་ལ་ཁྱོན་ཡོངས་སུ་རྒྱལ་ཁབ་ཁག་གི་སྲིད་གཞུང་གིས་བཅའ་ཁྲིམས་སོགས་བརྒྱུད་ནས་ཆོས་དད་རང་དབང་ལ་ཤུགས་གནོན་རྒྱག་བཞིན་པ་དང་འབྲེལ་ཆོས་དད་རང་དབང་དང་དེ་བཞིན་དེ་འབྲེལ་གྱི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་ཤུགས་ཆེ་ཐེབས་ཀྱི་ཡོད་པའི་གནས་སྟངས་གསལ་སྟོན་གནང་བ་དང་འབྲེལ། ད་ལྟའི་ཆར་རྒྱ་ནག་དང་བྱང་ཀོ་རི་ཡ་གཉིས་ནི་ཆོས་དད་རང་དབང་རྡོག་རོལ་གཏོང་མཁན་ཁྲོད་ཀྱི་ཆེས་ཚབས་ཆེ་བའི་ཁྲིམས་འགལ་བ་ཡིན་པ་བཀོད་འདུག
སྤྱི་ལོ་༢༠༢༡ལོ་ནས་རྒྱ་ནག་གི་ཆོས་དད་རང་དབང་ཀྱི་གནས་སྟངས་ཇེ་སྡུག་ཏུ་སོང་ཡོད་ཅིང་། དེ་ཡང་རྒྱ་ནག་གཞུང་གིས་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་སྲིད་ཇུས་ཤུགས་ཆེར་སྤེལ་ནས། ཆོས་ལུགས་ཀྱི་ཚོགས་ཁག་དང་དད་ལྡན་པ་ཚོར་རྒྱ་ནག་དམར་ཤོག་ཚོགས་པའི་དབང་སྒྱུར་དང་འདུ་ཤེས་འཛིན་སྟངས་ལ་རྒྱབ་སྐྱོར་བྱེད་དགོས་པར་བཙན་སྐུལ་བྱེད་ཀྱི་ཡོད་པ་བཀོད་འདུག
དེའི་ཐད་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་ཚོགས་གཙོ་(Nury Turkel)་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བཅར་འདྲིར་ཡིག་ཐོག་བཀའ་ལན་གནང་བའི་ནང་། བོད་ནང་གི་ཞི་བའི་ཆོས་དད་པ་ཆོས་ཉམས་ལེན་གནང་མཁན་གྲ་བཙུན་དགེ་འདུན་པ་ཚོར་རྒྱ་ནག་གཞུང་གིས་སྡང་འཛིན་དང་དམ་དྲག་གིས་ཆོས་དད་རང་དབང་ལ་རྡོག་རོལ་གཏོང་བཞིན་པར་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་ངོས་ནས་མཐའ་གཅིག་ཏུ་ངོ་རྒོལ་ཡོད། དེ་བཞིན་རྒྱ་ནག་གི་སྟངས་འཛིན་འོག་གི་བོད་དང་ཤིན་ཅང་ནང་གི་ཆོས་དད་རང་དབང་གི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་པར་བློ་ཚབས་ཆེན་པོ་ཡོད་པ་གསལ་སྟོན་གནང་འདུག
ཡང་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱིས་སྤེལ་བའི་ཡོངས་ཁྱབ་གསལ་བསྒྲགས་དེའི་ནང་དུ། རྒྱ་ནག་གཞུང་གིས་ཆོས་ལུགས་ཀྲུང་གོ་ཅན་དུ་བསྒྱུར་བའི་སྲིད་ཇུས་སྤེལ་བཞིན་པའི་འོག རྒྱ་ནག་ནང་གི་ཁ་ཆེའི་ཆོས་ལུགས་དང་ཡེ་ཤུའི་གནམ་བདག་ཆོས་ལུགས། ལྷག་པར་དུ་བོད་བརྒྱུད་ནང་བསྟན་སོགས་ལ་དམ་དྲག་རྡུང་རྡེག་ཤུགས་ཆེ་རུ་གཏོང་བཞིན་ཡོད་པ་ལྟར། འདི་ལོའི་སྤྱི་ཟླ་ལྔ་པའི་ནང་རྒྱ་ནག་གིས་བོད་སྐོར་ལ་རྒྱབ་ཤ་དཀར་པོའི་དེབ་བཏོན་པའི་ནང་དུ། བོད་བརྒྱུད་ནང་བསྟན་རྒྱ་ནག་ཅན་ལ་བསྒྱུར་རྒྱུ་ནན་བརྗོད་བྱས་ཡོད་ཅིང་། ས་གནས་སྲིད་གཞུང་ནས་གྲ་བཙུན་རྣམས་ལ་དེའི་ཐད་ནས་ཆབ་སྲིད་དྲིལ་བསྒྲགས་དང་། དེ་བཞིན་མང་ཚོགས་ཚོས་རང་གི་རྩ་བའི་བླ་མ་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུ་པར་ཉར་བ་ཚུན་འཛིན་བཟུང་བཙན་ཁྲིད་བྱེད་ཀྱི་ཡོད་པ་སོགས་ཀྱི་གནས་སྟངས་སྐོར་བཀོད་འདུག
གསར་འགོད་པ། བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།