རྡང་ཆུ་གཙང་པོའི་ཁོར་ཡུག་གཏོར་སྐྱོན་ཐད་ཞུ་སྐུལ་བྱེད་མཁན་མཚོ་སྔོན་ཚེ་རིང་ལགས་ཀྱི་ཁྲིམས་ཆད་དུས་ཡུན་ཇེ་རིང་དུ་བཏང་འདུག
གནས་ཚུལ་ཁ་སྣོན་བྱས་ཡོད། ཟླ་ ༢ ཚེས་ ༢༡ ཉིན།
ཕྱི་ལོ་ ༢༠༢༥ ཟླ་ ༢ ཚེས་ ༢༡ ཉིན། འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འབྲེལ་ཡོད་ནས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། རྒྱ་ནག་གཞུང་གིས་འདི་ལོའི་ཟླ་ ༡ ནང་། བོད་ནང་གི་ཁྱུང་མཆུ་རྫོང་ཚ་རུ་མ་ཡུལ་ཚོའི་རྡང་ཆུ་གཙང་པོའི་ཁོར་ཡུག་གཏོར་སྐྱོན་ཐད་སེམས་ཚབས་ཆེན་པོས་ཞུ་སྐུལ་བྱེད་མཁན་མཚོ་སྔོན་ཚེ་རིང་ལགས་སུ། ནག་ཉེས་ངོས་ལེན་མ་བྱས་སྐོར་བརྗོད་ནས་བསྐྱར་དུ་བཙོན་འཇུག་དུས་ཡུན་ཟླ་ ༨ འཕར་འགྱངས་ཀྱིས་ཉེས་ཆད་བཅད་ཡོད་པ་དང་། གནད་དོན་དེ་ཁོང་གིས་ནག་ཉེས་ངོས་ལན་མ་བྱས་སྐོར་བརྗོད་ནས་ཁྱུང་མཆུ་རྫོང་རིམ་པའི་འབྲེལ་ཡོད་ནས་ཐག་གཅོད་བྱས་ཡོད་སྐོར་དང་། གནད་དོན་གཙོ་བོ་མཚོ་སྔོན་ཚེ་རིང་ལགས་ཀྱིས་དྲ་ལམ་དུ་ཞུ་སྐུལ་བྱས་པ་ཚང་མ་ནག་ཉེས་ཡིན་པར་ངོས་ལེན་དགོས་པའི་བཙན་ཐབས་དེ། ཁོང་ནས་ངོས་ལེན་མ་བྱས་པས་ཐག་གཅོད་དེ་ལྟར་བྱས་ཡོད་པ་བོད་ནང་གི་འབྲེལ་ཡོད་བོད་མི་གཉིས་ནས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
གོང་ཞུས་འབྲེལ་ཡོད་ཅིག་ནས་མུ་མཐུད་འགྲེལ་བརྗོད་གནང་དོན་ལ། རྒྱ་ནག་གཞུང་གིས་མཚོ་སྔོན་ཚེ་རིང་ལགས་ཀྱིས་སྤྱི་ཚོགས་དྲ་ལམ་དུ་ཁོར་ཡུག་ཐད་ཞུ་སྐུལ་བྱས་པ་ཚང་མ། སྤྱི་ཚོགས་ཟིང་སློང་དང་རྒྱལ་ཁབ་ལ་ངོ་ལོག་བྱས་པའི་ཉེས་འཛུགས་འོག་ངོས་ལེན་བྱས་པ་ཡིན་ན་ཉེས་ཆད་གུ་ཡངས་ཡོད་པ་སོགས་བརྗོད་ཡོད་ན་ཡང་། མཚོ་སྔོན་ཚེ་རིང་ལགས་གཙོས་ཁོང་གི་ནང་མི་ཉེ་འབྲེལ་ཚོས་དེ་ལྟ་བུའི་ཀུན་སློང་དང་ཉེས་པ་གང་ཡང་བསགས་མེད་སྐོར་བརྗོད་ནས་ངོས་ལེན་བྱས་མེད་པ་དང་། ཡུལ་དེའི་ས་ཁུལ་ནང་རྒྱ་ནག་གཞུང་གིས་ཁོར་ཡུག་གཏོར་བཤིག་ཤུགས་ཆེན་གཏོང་བཞིན་པའི་རྒྱབ་ཏུ། རྫོང་རིམ་པའི་འབྲེལ་ཡོད་མགོ་ཁྲིད་སོགས་ནས་ཁེ་ཕན་ལེན་བཞིན་ཡོད་པས། མཚོ་སྔོན་ཚེ་རིང་ལགས་ཀྱི་གནས་ཚུལ་སྡུག་དུ་གཏོང་ཐབས་བྱེད་བཞིན་ཡོད་སྐོར་སོགས་འགྲེལ་བརྗོད་གནང་བྱུང་།
མ་ཟད་གོང་ཞུས་འབྲེལ་ཡོད་གཞན་དེས་མུ་མཐུད། རྒྱ་ནག་གཞུང་འབྲེལ་མི་སྣ་ཚོས་མཚོ་སྔོན་ཚེ་རིང་ལགས་ཀྱི་ཕ་མ་གཉིས་ནང་དུ་བཅུག་སྟེ་དམ་དྲག་དང་སོ་སྲུང་བྱེད་མཁན་བཞག་ཡོད་པ་མ་ཟད། འདི་ལོའི་མདོ་སྨད་ཕྱོགས་ཀྱི་ལོ་སར་ལ་ཕྱི་ལ་འགྲོ་སྐྱོད་ཐད་དམ་དྲག་དང་། ཨ་མཆོག་མཚན་ཉིད་དགོན་ལ་མཇལ་སྐོར་དུ་འགྲོ་འཆར་དེ་བཀག་འགོག་བྱས་ཡོད་པ་མ་ཟད། ད་ལྟའི་ཆར་མཚོ་སྔོན་ཚེ་རིང་ལགས་ཀྱི་ཨ་མས་བློ་འཚབ་དང་འབྲེལ་སྙིང་ནད་སོགས་ཀྱིས་འཕྲོད་བསྟེན་ཉེན་ཁའི་གནས་སུ་ལྷུང་བཞིན་ཡོད་པ་འགྲེལ་བརྗོད་གནང་གི་འདུག
མཚོ་སྔོན་ཚེ་རིང་ལགས་ནས་སྔར་ལོའི་ཟླ་ ༡༠ ཚེས་ ༡༥ ཉིན། བོད་ནང་གི་ཁྱུང་མཆུ་རྫོང་ཚ་རུ་མ་ཡུལ་ཚོའི་རྡང་ཆུ་གཙང་པོའི་ཁོར་ཡུག་གཏོར་སྐྱོན་ཐད་སེམས་ཚབས་ཆེན་པོས་ཞུ་སྐུལ་བྱེད་མཁན་མཚོ་སྔོན་ཚེ་རིང་ལགས་ནས། ཡུལ་དེའི་རྡང་ཆུ་གཙང་པོའི་ཁོར་ཡུག་གཏོར་སྐྱོན་ཐད་སེམས་ཚབས་ཆེན་པོས་ཞུ་སྐུལ་བྱས་རྐྱེན། རྒྱ་ནག་གཞུང་གིས་ཁོང་ཕྱི་ཟླ་ ༡༠ ཚེས་ ༢༠ ཉིན་འཛིན་བཟུང་གིས་འདྲི་རྩད་བཀག་ཉར་དང་རྗེས་ཟླ་ ༡༠ ཚེས་ ༢༧ ཉིན་ཁོང་ལ་སྤྱི་ཚོགས་ཟིང་སློང་དང་རྒྱལ་ཁབ་ལ་ངོ་ལོག་བྱས་པའི་ཉེས་འཛུགས་འོག དུས་ཡུན་ཟླ་བ་ ༨ རིང་གི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་ན་ཡང་། སྔར་ལོའི་ཕྱི་ཟླ་ ༡་ནབང་བསྐྱར་དུ་ཁོང་ལ་ནག་ཉེས་ངོས་ལེན་མ་བྱས་སྐོར་བརྗོད་ནས་དུས་ཡུན་ཟླ་བ་ ༨ འཕར་འགྱངས་བྱས་ཏེ། སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་འབར་ཁམས་རྫོང་དུ་བརྟེན་གཞི་བྱས་པའི་ཁུལ་མི་མང་ཁྲིམས་ཁང་དུ་བཙོན་འཇུག་བྱས་ཡོད་པ་རེད།
མཚོ་སྔོན་ཚེ་རིང་ལགས་ཀྱི་བཙོན་འཇུག་དུས་ཡུན་འཕར་འགྱངས་དང་འབྲེལ། བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས། རྒྱ་ནག་གཞུང་གིས་འཕྲལ་མར་མཚོ་སྔོན་ཚེ་རིང་ལགས་གློད་བཀྲོལ་གཏོང་དགོས་པ་དང་། བོད་མིའི་གཞི་རྩའི་ཐོབ་ཐང་སྲུང་བརྩི་ཞུ་དགོས་པའི་དགོས་འདུན་བཏོན་འདུག་ལ། བོད་རིགས་ན་གཞོན་མཚོ་སྔོན་ཚེ་རིང་ལགས་ནས་རྒྱ་ནག་གི་སྐད་འཕྲིན་སྤྱི་ཚོགས་དྲྭ་ལམ་བརྒྱུད། བོད་ནང་གི་ཁྱུང་མཆུ་རྫོང་ཚ་རུ་མ་ཡུལ་ཚོ་རུ་རྒྱ་ནག་གི་ཨན་ཧུའེ་ཤན་ཧེ་འཛུགས་སྐྲུན་ལས་གྲྭའི་ཚོང་གཉེར་ཁང་ཟེར་བ་ཞིག་གིས་བྱེ་ཟེགས་སྔོག་འདོན་བྱས་ཏེ། ས་གནས་ཀྱི་ཁོར་ཡུག་ལ་གཏོར་སྐྱོན་དང་། ལྷག་པར་དུ་རྡང་ཆུ་གཙང་པོ་དེ་བཞིན་རྨ་ཆུ་དང་འབྲི་ཆུ་གཙང་པོའི་ཡན་ལག་བཞུར་རྒྱུན་ཡིན་པས། སྐྱེ་ཁམས་ཁོར་ཡུག་ལ་གཏོར་སྐྱོན་གཏོང་གི་ཡོད་པ་རྒྱབ་ལྗོངས་བརྙན་དང་བཅས་བསམ་ཚུལ་སྤེལ་རྗེས། རྒྱ་ནག་གཞུང་གིས་ཁོང་གིས་རྡང་ཆུ་གཙང་པོའི་སྐོར་ནས་ཞུ་སྐུལ་བྱས་པ་དེ་ནག་ཉེས་རང་གི་ངོ་བོར་ངོས་འཛིན་དང་། ཁོང་གིས་ཁོར་ཡུག་སྐོར་ལ་སྐད་ཆ་བཤད་པ་ཚང་མ་སྤྱི་ཚོགས་ཟིང་སློང་ཐབས་དང་། མི་སྒེར་གྱི་འཁོན་འཛིན་ཆེད་ཡིན་པ་སོགས་ཀྱི་ཉེས་འཛུགས་བྱས་ཡོད་པ་རེད།
བོད་རིགས་ན་གཞོན་མཚོ་སྔོན་ཚེ་རིང་ལགས་ཀྱིས་སྤྱི་ལོ་༢༠༢༤ལོའི་ཟླ་༡༠ ཚེས་༡༥ ཉིན། རྒྱ་ནག་གི་སྐད་འཕྲིན་སྤྱི་ཚོགས་དྲྭ་ལམ་བརྒྱུད། བོད་ནང་གི་ཁྱུང་མཆུ་རྫོང་ཚ་རུ་མ་ཡུལ་ཚོ་ནས་ཡིན་པའི་བོད་མི་ན་གཞོན་མཚོ་སྔོན་ཚེ་རིང་ལགས་ཀྱིས་སྤྱི་ཚོགས་དྲྭ་ལམ་བརྒྱུད་ཡུལ་དེའི་རྡང་ཆུ་གཙང་པོའི་བཞུར་རྒྱུན་དུ། རྒྱ་ནག་གི་ཨན་ཧུའེ་ཤན་ཧེ་འཛུགས་སྐྲུན་ལས་གྲྭའི་ཚོང་གཉེར་ཁང་ཟེར་བ་ཞིག་གིས་བྱེ་ཟེགས་སྔོག་འདོན་བྱས་ཏེ། ས་གནས་ཀྱི་ཁོར་ཡུག་ལ་གཏོར་སྐྱོན་དང་། ལྷག་པར་དུ་རྡང་ཆུ་གཙང་པོ་དེ་བཞིན་རྨ་ཆུ་དང་འབྲི་ཆུ་གཙང་པོའི་ཡན་ལག་བཞུར་རྒྱུན་ཡིན་པས། སྐྱེ་ཁམས་ཁོར་ཡུག་ལ་གཏོར་སྐྱོན་གཏོང་གི་ཡོད་པ་རྒྱབ་ལྗོངས་བརྙན་དང་བཅས་བསམ་ཚུལ་སྤེལ་བའི་རྗེས། ས་གནས་རྒྱ་ནག་གཞུང་གིས་ཁོང་ལ་སྤྱི་ཚོགས་ཟང་ཟིང་བཟོས་པའི་ཉེས་མིང་བཙུགས་ནས་ཟླ་བརྒྱད་ཀྱི་བཙོན་འཇུག་ཁྲིམས་ཆད་བཅད་པ་རེད།
ཚ་རུ་མ་ཡུལ་ཚོའི་ནང་བྱེ་ཟེགས་སྔོག་འདོན་བྱེད་མཁན་གྱི་ཨན་ཧུའེ་ཤན་ཧེ་འཛུགས་སྐྲུན་ལས་གྲྭའི་ཚོང་གཉེར་ཁང་ཟེར་བ་དེ། ཕྱི་ལོ་ ༢༠༡༢ ཟླ་ ༦ ནང་རྒྱ་ནག་གཞུང་གི་འབྲེལ་ཡོད་ལས་ཁུངས་སུ་དེབ་སྐྱེལ་གྱིས་སྒོ་འབྱེད་བྱས་ཡོད་པ་དང་། འཛུགས་སྐྲུན་སྣ་ཚོགས་ཀྱི་ཚོང་ལས་གཉེར་བཞིན་ཡོད་པ་རེད། མཚོ་སྔོན་ཚེ་རིང་ལགས་ཀྱིས་སྤྱི་ཚོགས་དྲྭ་ལམ་དུ་རྡང་ཆུ་གཙང་པོའི་ཁོར་ཡུག་གཏོར་སྐྱོན་དང་འབྲེལ་བའི་ཞུ་སྐུལ་བརྙན་ཐུང་སྤེལ་རྗེས། ལྟ་བཤེར་དང་མཆན་འབྲི་མཁན་བརྒྱ་ཕྲག་བརྒལ་བ་བྱུང་ཡོད་སྟབས། རྒྱ་ནག་གཞུང་གིས་སྤྱི་ཚོགས་དྲ་ལམ་དུ་ཁོང་གི་བརྙན་ནག་བསུབ་དང་། མཚོ་སྔོན་ཚེ་རིང་ལགས་ཀྱི་མིང་ཐོག་ཏུ་ཐོ་འགོད་བྱས་པའི་དྲ་ཁུངས་མེད་པ་བཟོས་ཡོད་པ་རེད།
སྤྱིར་མཚོ་སྔོན་ཚེ་རིང་གཙོས་ཡུལ་མི་མང་པོས་དེ་སྔ་ནས་བཟོ་ལས་ཁང་དེས་ཡུལ་དེའི་ཁོག་ཡུག་གཏོར་སྐྱོན་བཏང་བར་ཞུ་སྐུལ་དང་ངོ་རྒོལ་རིམ་པར་བྱས་ཡོད་ན་ཡང་། ཕན་ཐོགས་མ་བྱུང་སྟབས་མཚོ་སྔོན་ཚེ་རིང་ལགས་དངོས་སུ་དྲྭ་ལམ་དུ་ཐོན་ཏེ་ཡོངས་ཁྱབ་ངང་ཞུ་སྐུལ་བྱས་པ་ཞིག་ཆགས་ཡོད་པ་རེད།
དེ་སྔོན་འདི་ག་རླུང་འཕྲིན་ཁང་གིས་བཏང་བའི་འབྲེལ་ཡོད་གནས་ཚུལ་ཁག
མཚོ་སྔོན་ཚེ་རིང་ལགས་ཀྱིས་ཁྱུང་མཆུའི་རྡང་ཆུ་གཙང་པོའི་ཁོར་ཡུག་གཏོར་སྐྱོན་ཐད་སེམས་ཚབས་ཞུ་སྐུལ།
རྒྱ་ནག་གཞུང་གིས་རྡང་ཆུ་གཙང་པོའི་ཁོར་ཡུག་སྲུང་སྐྱོབ་པ་མཚོ་སྔོན་ཚེ་རིང་ལགས་སུ་ཟླ་ ༨ རིང་གི་བཙོན་འཇུག་ཁྲིམས་ཐག་བཅད་འདུག
གསར་འགོད་པ། སྟག་ལྷ་རྒྱལ། ཚེ་དབང་ནོར་བུ། རྡོ་རྗེ་དགྲ་འདུལ། རྡོ་རྗེ་སྒྲོལ་མ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།