མཚོ་སྔོན་ཚེ་རིང་ལགས་ཀྱིས་ཁྱུང་མཆུའི་རྡང་ཆུ་གཙང་པོའི་ཁོར་ཡུག་གཏོར་སྐྱོན་ཐད་སེམས་ཚབས་ཞུ་སྐུལ་བྱས་རྗེས་རྫོང་གི་འབྲེལ་ཡོད་ལས་ཁུངས་ཀྱིས་རྩད་གཅོད་བྱ་རྒྱུ་ཡིན་སྐོར་བརྗོད་འདུག

2024.10.17
མཚོ་སྔོན་ཚེ་རིང་ལགས་ཀྱིས་ཁྱུང་མཆུའི་རྡང་ཆུ་གཙང་པོའི་ཁོར་ཡུག་གཏོར་སྐྱོན་ཐད་སེམས་ཚབས་ཞུ་སྐུལ་བྱས་རྗེས་རྫོང་གི་འབྲེལ་ཡོད་ལས་ཁུངས་ཀྱིས་རྩད་གཅོད་བྱ་རྒྱུ་ཡིན་སྐོར་བརྗོད་འདུག མདོ་སྨད་རྔ་བ་ཕྱོགས་ཀྱི་ཚ་རུ་མ་ཕྱོགས་སུ་རྒྱ་ནག་བཟོ་གྲྭ་ཞིག་གིས་ལོ་མང་བྱེ་རྡོ་སྔོག་པའི་གནོད་ཐེབས་ཁུལ། ༼ཟླ་ཚེས་མི་གསལ
མི་སེར་གྱི་འདྲ་པར།

ཕྱི་ལོ་ ༢༠༢༤ ཟླ་ ༡༠ ཚེས་ ༡༥ ཉིན། བོད་ནང་གི་ཁྱུང་མཆུ་རྫོང་ཚ་རུ་མ་ཡུལ་ཚོ་ནས་ཡིན་པའི་བོད་མི་ན་གཞོན་མཚོ་སྔོན་ཚེ་རིང་ལགས་ཀྱིས། སྤྱི་ཚོགས་དྲྭ་ལམ་བརྒྱུད་ཡུལ་དེའི་རྡང་ཆུ་གཙང་པོའི་བཞུར་རྒྱུན་དུ། རྒྱ་ནག་གི་ཨན་ཧུའེ་ཤན་ཧེ་འཛུགས་སྐྲུན་ལས་གྲྭའི་ཚོང་གཉེར་ཁང་ཟེར་བ་ཞིག་གིས་བྱེ་ཟེགས་སྔོག་འདོན་ཤུགས་ཆེ་བྱས་ཏེ། ས་གནས་ཀྱི་ཁོར་ཡུག་ལ་གཏོར་སྐྱོན་དང་། ལྷག་པར་དུ་རྡང་ཆུ་གཙང་པོ་དེ་བཞིན་རྨ་ཆུ་དང་འབྲི་ཆུ་གཙང་པོའི་ཡན་ལག་བཞུར་རྒྱུན་ཡིན་པས། སྐྱེ་ཁམས་ཁོར་ཡུག་ལ་གཏོར་སྐྱོན་གཏོང་གི་ཡོད་པ་རྒྱབ་ལྗོངས་བརྙན་དང་བཅས་བསམ་ཚུལ་སྤེལ་ཡོད་པ་བཞིན། ད་ལྟའི་ཆར་ཚེ་རིང་ལགས་ཀྱི་བདེ་འཇགས་ཐད་དམིགས་བསལ་དཀའ་ངལ་བྱུང་མེད་ན་ཡང་། མ་འོངས་པར་གནས་སྟངས་ག་འདྲ་ཞིག་ཏུ་འགྱུར་མིན་བཤད་ཁག་པོ་ཡིན་སྐོར་བོད་ནང་གི་འབྲེལ་ཡོད་བོད་མི་གཉིས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

Tibetan youth exposes illegal sandstone extraction by Chinese company in Ngaba (2).png
ཞུ་འབོད་མཁན་བོད་མི་ཚེ་རིང་ལགས།


གོང་ཞུས་འབྲེལ་ཡོད་ཅིག་གིས་མུ་མཐུད་བརྗོད་དོན་ལ། མཚོ་སྔོན་ཚེ་རིང་ལགས་ཀྱིས་དྲྭ་ལམ་བརྒྱུད་ཞུ་སྐུལ་བྱས་པ་དང་འབྲེལ། ཁྱུང་མཆུ་རྫོང་གི་འཕེལ་རྒྱས་དང་བཅོས་སྒྱུར་ལས་ཁུངས་ཀྱིས་གནད་དོན་དེའི་སྐོར་མུ་མཐུད་དུ་ཞིབ་འཇུག་མཐིལ་ཕྱིན་པ་བྱ་རྒྱུ་ཡིན་སྐོར་འགྲེལ་བརྗོད་བྱས་ཡོད་པ་བརྗོད་བྱུང་ལ། ཡང་གནད་དོན་དེ་དང་འབྲེལ་རྒྱ་ནག་གཞུང་འབྲེལ་ལྷོ་ཕྱོགས་གསར་ཁང་ཞེས་པས། མཚོ་སྔོན་ཚེ་རིང་ལགས་ཀྱིས་དྲྭ་ལམ་ཐོག་སྤེལ་བའི་ཞུ་སྐུལ་ལས་སྐད་ཆ་ལུང་འདྲེན་བྱས་ཏེ། རྔ་པ་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་ལས་ཁུངས་སུ་སྐད་ཆ་དྲིས་པར། འབྲེལ་ཡོད་ཅིག་གིས་གནད་དོན་དེ་ང་ཚོས་ཤེས་རྟོགས་བྱུང་ཡོད་ལ། མུ་མཐུད་དུ་སི་ཁྲོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ལྟ་རྟོགས་ལས་ཁུངས་དང་། རྔ་པ་ཁུལ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཡན་ལག་ལས་ཁུངས་སོགས་ཀྱིས་རྩད་ཞིབ་བརྟག་དཔྱད་བྱེད་བཞིན་པ་ཡིན་ལ། མི་རིང་བར་སྤྱི་ཚོགས་ཁྲོད་གསལ་བཤད་བྱ་རྒྱུ་ཡིན་པ་སོགས་བརྗོད་བཞིན་ཡོད་པ་ལུང་འདྲེན་བྱས་འདུག
མཚོ་སྔོན་ཚེ་རིང་ལགས་ཀྱིས་ཞུ་སྐུལ་གནང་པའི་སྐད་ཆ་དྲྭ་ལམ་དུ་སྤེལ་རྗེས་ལྟ་ཀློག་བྱེད་མཁན་དང་། མཆན་འབྲི་མཁན་སོགས་ཧ་ཅང་མང་པོ་བྱུང་སྟབས། སྐད་འཕྲིན་ཐོག་ཐོ་བཀོད་བྱས་པའི་མཚོ་སྔོན་ཟེར་བ་དང་མཚོ་སྔོན་ཚེ་རིང་ཟེར་བའི་མིང་ཐོག་ནས་བཞག་པའི་ཞུ་འབོད་ཀྱི་བརྙན་པར་འདི་རྒྱ་ནག་གཞུང་གིས་སྐད་འཕྲིན་དྲྭ་ལམ་ནས་ནག་བསུབ་བཏང་པ་དང་མཆན་སོགས་མཐོང་མི་ཐུབ་པ་བཟོས་འདུག འབྲེལ་ཡོད་གཞན་ཞིག་གིས་བརྗོད་ན། ད་ལྟའི་ཆར་མཚོ་སྔོན་ཚེ་རིང་ལགས་ཀྱི་ཞུ་སྐུལ་དེར་ཅུང་ཙམ་བཟང་ཕྱོགས་ནས་ངོས་ལེན་བྱེད་བཞིན་ཡོད་ན་ཡང་། མི་མང་གིས་སྤྱི་ཚོགས་དྲྭ་ལམ་དུ་བརྒྱུད་བསྐུར་ཤུགས་ཆེར་བྱས་པ་སོགས་ཀྱི་རྐྱེན་པས་ཉེས་མིང་གཞན་ཞིག་གཡོགས་ཨེ་ཡོང་བསམ་པའི་སེམས་ཁྲལ་ཡོང་གི་ཡོད་པ་བརྗོད་བྱུང་།

Tibetan youth exposes illegal sandstone extraction by Chinese company in Ngaba (3).png
མདོ་སྨད་རྔ་བ་ཕྱོགས་ཀྱི་ཚ་རུ་མ་གཙང་པོ་བརྒྱུད་དུ་རྒྱ་ནག་བཟོ་གྲྭ་ཞིག་གིས་ལོ་མང་བྱེ་རྡོ་སྔོག་པའི་གནོད་ཐེབས་ཁུལ། ༼ཟླ་ཚེས་མི་གསལ


སྤྱིར་མཚོ་སྔོན་ཚེ་རིང་ལགས་ཙམ་མིན་པར་ས་གནས་ཡུལ་མི་མང་དག་ཅིག་གིས་སྔ་ཕྱིར་ཁྱུང་མཆུ་རྫོང་གི་འབྲེལ་ཡོད་ལས་ཁུངས་སུ་བྱེ་མ་སྔོག་འདོན་བྱེད་རྒྱུ་མཚམས་འཇོག་བྱ་དགོས་པའི་ཞུ་སྐུལ་བྱས་ཀྱང་། འདི་ལོའི་ཕྱི་ཟླ་ ༤ ནང་སྲིད་གཞུང་གིས་ཐག་གཅོད་དང་སྔོག་འདོན་བྱེད་མཁན་འཛུགས་སྐྲུན་བཟོ་ལས་ཁང་ལ་ཉེས་ཆད་གཅོད་རྒྱུ་ཡིན་ཚུལ་བཤད་ཡོད་ཀྱང་། རྗེས་སུ་དེའི་ཐོག་ལས་དོན་མུ་མཐུད་སྤེལ་མེད་པ་ཤེས་རྟོགས་བྱུང་།
ཚ་རུ་མ་ཡུལ་ཚོའི་ནང་བྱེ་ཟེགས་སྔོག་འདོན་བྱེད་མཁན་གྱི་ཨན་ཧུའེ་ཤན་ཧེ་འཛུགས་སྐྲུན་ལས་གྲའི་ཚོང་གཉེར་ཁང་ཟེར་བ་དེ། ཕྱི་ལོ་ ༢༠༡༢ ཟླ་ ༦ ནང་རྒྱ་ནག་གཞུང་གི་འབྲེལ་ཡོད་ལས་ཁུངས་སུ་དེབ་སྐྱེལ་དང་སྒོ་འབྱེད་བྱས་ཡོད་པ་དང་། འཛུགས་སྐྲུན་ཚོང་ལས་ཁང་དེས་དྲྭ་ཐོག་ཚོང་ལས་ཁང་དེའི་ངོ་སྤྲོད་ཡིག་ཆའི་ནང་ལས་ཁང་དེའི་ལས་དོན་གཙོ་བོ་ནི་གཞུང་ལམ་འཛུགས་སྐྲུན་དང་། སྤྱི་པའི་གྲོང་ཁྱེར་འཛུགས་སྐྲུན། ཆུ་མཛོད་དང་གློག་ཤུགས་ཀྱི་ནུས་པ་འཛུགས་སྐྲུན། གློག་ཤུགས་འཕྲུལ་ཆས་འཛུགས་སྐྲུན། ཟམ་པ་འཛུགས་སྐྲུན། གྲོང་ཁྱེར་དང་ལམ་ཁའི་གློག་སྒྲོན་འཛུགས་སྐྲུན། ཡུལ་ལྗོངས་ཀྱི་འཆར་འགོད་འཛུགས་སྐྲུན། ས་འོག་འཛུགས་སྐྲུན། ཁོར་ཡུག་སྲུང་སྐྱོབ་བཟོ་བཀོད། མེ་འགོག་བཟོ་བཀོད། རྩེད་རྭའི་བཟོ་བཀོད། སྡོད་ཁང་བཟོ་བཀོད། ཁང་པའི་མཛེས་བཟོ་དང་མཛེས་རྒྱན་བཟོ་བཀོད། གློག་ཤུགས་བཟོ་བཀོད་སོགས་བྱེད་བཞིན་པ་འགྲེལ་བརྗོད་བྱས་ཡོད་པ་དང་། འཛུགས་སྐྲུན་བཟོ་ལས་ཚོང་གཉེར་ཁང་དེས་བོད་ནང་གི་ས་ཁུལ་མང་དག་ཅིག་ཏུ་འཛུགས་སྐྲུན་འདྲ་མིན་གྱི་ཚོང་ལས་གཉེར་བཞིན་ཡོད་པ་དང་། ལྷ་ས་གྲོང་ཁྱེར་དང་སྟོད་ལུང་བདེ་ཆེན་རྫོང་སོགས་སུ་འཛུགས་སྐྲུན་བྱས་ཡོད་པ་རྒྱ་ནག་གི་གསར་ལམ་ཁག་ཏུ་གསལ་འདུག


གསར་འགོད་པ། སྒྲོལ་དཀར། ཆོས་སྐྱིད།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག བསྟན་འཛིན་པདྨ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎