རྔ་པ་ཕྱོགས་སུ་རྒྱ་ནག་གི་བཟོ་གྲྭ་ཞིག་གིས་བྱེ་རྡོ་སྔོག་པ་སོགས་ལ་བརྟེན་ནས་ཁོར་ཡུག་གཏོར་སྐྱོན་ཐེབས་བཞིན་པ་བོད་མི་ཞིག་གིས་སེམས་ཚབས་ཆེན་པོས་ཡོངས་ཁྱབ་ཞུ་འབོད་བྱས་འདུག

བོད་མདོ་སྨད་རྔ་པ་ཁུལ་གྱི་བོད་མི་ཚེ་རིང་ཞུ་བ་ཞིག་ཕྱི་ཟླ་༡༠བའི་ཚེས་༡༥ཉིན་(Wechat)་སྐད་འཕྲིན་སྤྱི་ཚོགས་དྲ་རྒྱའི་བརྙན་ལམ་དུ་ཐོན་ཏེ་ཁོང་གི་ཐོབ་ཐང་ལག་འཁྱེར་སྟོན་ཞོར་དུ་ཞུ་འབོད་བྱས་ཡོད་ཅིང་། འདི་ལྟའི་ཞུ་འབོད་རིགས་ནི་བོད་ནང་དུ་དཀོན་པའི་རང་བཞིན་ཞིག་ཡིན་པ་དང་། ཁོང་གི་ཞུ་འབོད་བྱས་པའི་ནང་། རྒྱ་ནག་ཨན་ཧུའེ་ཤན་ཧེ་འཛུགས་སྐྲུན་ལས་གྲའི་ཚོང་གཉེར་ཁང་གིས་ཚ་རུ་མ་ཡུལ་ཚོའི་ནང་ལམ་བཟོ་སྐྲུན་བྱས་པའི་བརྒྱུད་རིམ་ནང་ཁྲིམས་འགལ་ངང་གཙང་པོའི་ནང་ནས་བྱེ་རྡོ་སྔོག་འདོན་བྱེད་བཞིན་ཡོད་པ་གསུངས་པ་དང་། ༢༠༢༣ ཟླ་ ༥ ནས་བཟུང་ཚོང་གཉེར་ཁང་འདིས་ཁྲིམས་འགལ་ངང་བྱེ་རྡོ་སྔོག་འདོན་བྱས་པ་འདིས་ས་གནས་ཀྱི་ཁོར་ཡུག་ལ་གནོད་འཚེ་ཚབས་ཆེན་བཟོས་ཡོད་པ་མ་ཟད། ཉེ་ཁོར་གྱི་ས་རྡོ་ཤོར་བའི་གནས་སྟངས་ཚབས་ཆེན་བྱུང་སྟེ་མང་ཚོགས་ཀྱི་སྡོད་ཁང་གི་ཁང་པའི་རྨང་གཞིར་ཉེན་ཁ་འཕྲད་བཞིན་ཡོད་པའི་གནས་སྟངས་བརྙན་དང་བཅས་གསལ་བཤད་བྱས་འདུག

འདིའི་སྐོར་འབྲེལ་ཡོད་ས་གནས་རང་ནས་བོད་མི་གཉིས་ཀྱིས་གནས་ཚུལ་དེ་བདེན་པ་ཡིན་སྐོར་ར་སྤྲོད་གནང་བྱུང་བ་མ་ཟད། འདི་འདྲའི་བྱེ་རྡོ་སྔོག་འདོན་བྱས་པའི་གནས་ཚུལ་དེ་རིགས་བྱུང་ཡོད་ཅིང་། དེ་དག་གིས་ཁོར་ཡུག་ལ་གཏོར་སྐྱོན་ཚབས་ཆེན་བཟོ་བཞིན་ཡོད་པ་གསུངས་བྱུང་།
བྱེ་རྡོ་བསྔོག་འདོན་བྱེད་ཡུལ་ཚ་རུ་མ་གཙང་པོ་འདི་ནི་འབྲི་ཆུ་དང་རྨ་ཆུའི་ཆུ་འགོའི་ཁོངས་སུ་ཚུད་ཀྱི་ཡོད་པ་དང་། འབྲི་ཆུ་དང་རྨ་ཆུའི་ཆུ་འགོར་འབག་བཙོས་བཟོས་པའི་གནད་དོན་དང་ས་གནས་ཀྱི་སྐྱེ་ཁམས་ཁོར་ཡུག་དང་། སྲོག་ཆགས་སྣ་མང་ལ་སྲུང་སྐྱོབ་བྱ་རྒྱུ་སོགས་ལ་འབྲེལ་བ་གཏིང་ཟབ་ཆགས་ཡོད་པ་ཚེ་རིང་ལགས་ཀྱིས་བརྙན་ལམ་ནས་གསུངས་འདུག
སྤྱི་ལོ་༢༠༢༤ ལོའི་ཟླ་བཞི་པའི་ནང་ས་གནས་བོད་མི་ཚོས་རང་འགུལ་གྱི་ཐོག་ནས་ཟི་ཁྲོན་རྔ་བ་ཁུལ་ཁྱུང་མཆུ་རྫོང་གི་སྐྱེ་ཁམས་ཁོར་ཡུག་ལས་ཁུངས་ལ་གནད་དོན་དེའི་སྐོར་ཞུ་གཏུགས་བྱས་རྗེས་ལས་ཁུངས་དེས་མི་དམངས་ཀྱི་ཞུ་གཏུགས་ཀྱི་ལན་དུ། ཨན་ཧེའི་ཤན་ཧི་ཨར་ལས་འཛུགས་སྐྲུན་ཚོང་གཉེར་ཁང་དེས་ཁྲིམས་འགལ་གྱི་ཐོག་ནས་ཆུའི་ནང་གི་བྱེ་རྡོ་སྔོག་འདོན་བྱས་པ་དེ་ནི་གནས་ཚུལ་དངོས་བདེན་ཡིན་པ་དང་། དེའི་ཐད་གྱོད་གཞི་བཙུགས་ནས་ཆད་པ་གཅོད་རྒྱུ་ཡིན་ཞེས་བརྗོད་ཡོད་ཙམ་ལས། ཁོར་ཡུག་གཏོར་སྐྱོན་གྱི་རྐྱེན་གྱིས་བྱུང་པའི་མཇུག་འབྲས་ལ་ཁོར་ཡུག་བསྐྱར་གསོའི་ལས་དོན་དང་ཉེ་འཁོར་ཀྱི་ས་རྡོ་ཤོར་པའི་གནས་སྟངས་ཚབས་ཆེན་བྱུང་བཞིན་པར་སྲུང་སྐྱོབ་ཀྱི་ལས་དོན་གང་ཡང་སྤེལ་མེད་པ་དང་། དེ་ལས་གནོད་འཚེ་ཕོག་པའི་ཁང་པ་ཁག་ཅིག་ལ་རྨང་གཞིར་ཨར་ལས་རྭ་བ་བརྒྱབ་པ་ཙམ་བྱས་ཡོད་པ་རེད་ཅེས་མུ་མཐུད་དུ་གསུངས་འདུག

སྤྱི་ཚོགས་དྲྭ་རྒྱའི་སྟེང་འགྲེམས་སྤེལ་བྱས་པའི་བརྙན་པར་དེའི་གཤམ་མཆན་དུ་མི་ཧ་ཅང་མང་པོས་རྒྱབ་སྐྱོར་གྱི་རྣམ་པའི་ཐོག་ནས་ཁོར་ཡུལ་ལ་སྲུང་སྐྱོབ་དགོས་པ་དང་། རྒྱ་ནག་གི་གསར་འགྱུར་བརྒྱུད་ལམ་དང་འབྲེལ་ཡོད་ཚན་པའི་མིང་བཀོད་བྱས་ཏེ་དོ་སྣང་ཐག་གཅོད་ཡོང་རྒྱུར་འབོད་སྐུལ་བྱས་པ་སོགས་མཆན་འབྲི་མཁན་༥༠༠ལྷག་ཙམ་བྱུང་འདུག་པ་མ་ཟད། ཁོང་གིས་དྲ་ཐོག་ཏུ་གནས་ཚུལ་སྤེལ་བའི་གཤམ་ལ་རྒྱ་ནག་གི་གཞུང་འབྲེལ་གསར་འགྱུར་བརྒྱུད་ལམ་ཁག་གི་འབྲེལ་ཐག་ཀྱང་བྲིས་ཡོད་འདུག
བོད་ནང་ལ་མཚོན་ན། འདས་པའི་ལོ་མང་རིང་ནས་བོད་ཀྱི་ཁོར་ཡུག་ལ་གནས་སྟངས་འདྲ་མིན་ཐོག་ནས་གནོད་འཚེ་ཚབས་ཆེན་ཕོག་བཞིན་ཡོད་པ་དང་། ཁག་ཅིག་ནི་རྒྱ་ནག་གི་ཚོང་གཉེར་ཚན་པ་འདྲ་མིན་གྱི་འཛུགས་སྐྲུན་དང་གསར་སྤེལ། གཏེར་ཁ་སྔོག་འདོན་གྱི་མིང་ཐོག་ནས་བོད་ཀྱི་ས་གནས་མང་པོའི་ནང་ཁོར་ཡུག་གཏོར་བཤིག་བཏང་པའི་ཁྲོད་ནས་ས་རུད་དང་། ཆུ་ལོག་སོགས་ཀྱི་རང་བྱུང་གནོད་འཚེ་ཡང་མང་རུ་ཕྱིན་ནས་ས་གནས་མང་ཚོགས་ལ་དཀའ་ངལ་འདྲ་མིན་འཕྲད་བཞིན་ཡོད་པར་ཁོར་ཡུག་ཉམས་ཞིབ་པ་ཚོས་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།
དེ་མིན་ཡང་༢༠༢༡ ལོའི་ཟླ་བ་དྲུག་པའི་ནང་མཚོ་སྔོན་ཞིང་ཆེན་གྱི་མགོ་ལོག་དང་ཡུལ་ཤུལ་སོགས་སུ་དྲག་ཆར་དང་ཆུ་ལོག་གིས་བོད་མིའི་འཚོ་བར་གནོད་འཚེ་ཚབས་ཆེན་ཐེབས་ཡོད་པ་དང་། དེ་བཞིན་༢༠༢༠ལོའི་ཕྱི་ཟླ་བརྒྱད་པའི་ནང་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་འབྲུག་ཆུ་རྫོང་ཁོངས་སུ་སྔ་རྗེས་ཆུ་ལོག་དང་ས་རུད་བྱུང་བའི་ཁྲོད་སྡོད་ཁང་མང་པོ་གཏོར་བཤིག་གི་གནོད་འཚེ་ཚབས་ཆེན་བྱུང་ཡོད་པ་རེད།
སྤྱི་ལོ་ ༢༠༡༦་ ལོར་ཐོག་མར་མདོ་སྨད་རྔ་བ་དང་ཀན་ལྷོ་སོགས་ཀྱི་ས་ཁུལ་དུ་ས་རུད་འདམ་ཉིལ་བྱུང་ཡོད་པ་དང་། སྤྱི་ལོ་༢༠༡༧་ལོར་མདོ་ཁམས་འཇོ་མདའ་དང་། སྡེ་དགེ་བཅས་ཀྱི་ནང་ཆུ་ལོག་དང་ས་རུད་བརྒྱབ་པ་སོགས་བྱུང་ཡོད། སྤྱི་ལོ་༢༠༡༨་ལོར་མདོ་སྟོད་སྨད་གཉིས་ཙམ་མ་ཟད། དབུས་ཕྱོགས་ཀྱི་ས་ཁུལ་ཁག་སྟེ། གཞིས་ཀ་རྩེ་དང་། ལྷ་ས། ས་སྐྱ། རྫོང་ཁ་སོགས་ནང་དྲག་ཆར་ཤུགས་ཆེར་བབ་སྟེ་ཆུ་ལོག་བརྒྱབ་པའི་དཀའ་ངལ་ཤུགས་ཆེར་བྱུང་ཡོད། ༢༠༡༩་ ལོའི་དགུན་ཁའི་སྐབས། མདོ་ཁམས་ཡུལ་ཤུལ་དང་མགོ་ལོག་ཁུལ་དུ་གངས་ཤུགས་ཆེར་བབ་སྟེ་སེམས་ཅན་སྟོང་ཕྲག་མང་པོ་ཤི་ཡོད། ༢༠༢༠་ལོའི་དབྱར་ཁའི་སྐབས་ས་རུད་ཆེན་པོ་བྱུང་ནས་རོང་བྲག་ཕྱོགས་སུ་ཆུ་ལོག་བྱུང་བ་དང་འབྲི་ཆུ་ཉིན་བཅུའི་རིང་འགག་ཡོད།
གཞན་ཡང་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་གནང་མཁན་མི་སྣ་ཁ་ཤས་གཞུང་ཕྱོགས་ཀྱིས་འཛིན་བཟུང་བཀག་ཉར་དང་། ཐ་ན་ཁྲིམས་ཆད་ཕོག་པ་ཡང་ཁག་ཅིག་བྱུང་ཡོད་པའི་ནང་ནས་ཨ་ཉ་སེང་སྒྲ་ལགས་ལ་མཚོན་ན། བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་པ་དང་རུལ་སུངས་ངོ་རྒོལ་བ་ཨ་ཉ་སེང་སྒྲ་ལགས་རྒྱ་ནག་གཞུང་གིས་བཙོན་འཇུག་བྱས་ནས་མི་ལོ་དྲུག་གི་རྗེས། ནང་མིར་སྐར་མ་ཁ་ཤས་ཀྱི་རིང་ཐུག་བཅུག་ཡོད་ཀྱང་། གཟུགས་གཞིའི་གནས་སྟངས་ཧ་ཅང་ཞན་པོ་ཡིན་པ་ཁོང་གི་ཁྲིམས་རྩོད་པས་བརྗོད་འདུག
གསར་འགོད་པ། སྒྲོལ་དཀར། ཆོས་སྐྱིད།
གནས་ཚུལ་ཁ་སྣོན། རྡོ་རྗེ་མཚོ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། བསྟན་འཛིན་པདྨ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།