ཨ་ཉ་སེང་སྒྲ་ལགས་ཀྱི་གོང་གཏུག་གི་གྱོད་དོན་ལ་ད་བར་དུ་བཟང་ཕྱོགས་ཀྱི་གྲུབ་འབྲས་གང་ཡང་སོན་མི་འདུག
བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་འགུལ་བ་དང་། ལྐོག་ཟ་རུལ་སུངས་ལ་ངོ་རྒོལ་བྱེད་མཁན་ཨ་ཉ་སེང་སྒྲ་ལགས་ལ་རྒྱ་ནག་གི་འབྲེལ་ཡོད་ཁྲིམས་ཁང་གིས་སྤྱི་ཚོགས་སུ་དཀྲུག་རྐྱེན་བསླངས་པའི་ཉེས་འཛུགས་ཀྱིས་མི་ལོ་བདུན་གྱི་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་པ་ལྟར། ཁོང་གི་གྱོད་དོན་ཐད་དྲང་བདེན་མིན་པའི་གོང་གཏུག་རིམ་པར་བྱས་ཡོད་ནའང་། ཁོང་གི་ཁྲིམས་རྩོད་པ་(Lin Qilei)་ལགས་འདི་ཚེས་༨ཉིན་རྒྱ་ནག་གི་ཞི་ཨན་གྲོང་ཁྱེར་གྱི་ཆེས་མཐོའི་མི་དམངས་ཁྲིམས་ཁང་དུ་སོང་སྟེ་ཨ་ཉ་སེང་སྒྲ་ལགས་ཀྱི་ཞུ་གཏུག་གི་གནས་ཚུལ་ཐད་རྩད་གཅོད་བྱས་བར། ཞུ་གཏུག་གྱོད་དོན་ལ་མུ་མཐུད་དུ་བསྐྱར་ཞིབ་བྱེད་བཞིན་ཡོད་པས་ད་དུང་ངང་སྒུག་བྱ་དགོས་ཚུལ་བཤད་ཡོད་པ་དབྱིན་ཡུལ་དུ་རྟེན་གཞི་བྱས་པའི་བོད་གནས་ལྟ་ཞིབ་ཁང་གིས་གནས་ཚུལ་སྤེལ་འདུག་ལ། ཨ་ཉ་སེང་སྒྲ་ལགས་ད་དུང་བཙོན་ཁང་དུ་ཡོད་ཅིང་ཁོང་གི་གྱོད་དོན་ཞུ་གཏུགས་ལ་ད་ལྟའི་ཆར་བཟང་ཕྱོགས་ཀྱི་འགྱུར་བ་གང་ཡང་མེད་པའི་སྐོར་འགྲེལ་བརྗོད་བྱས་ཡོད་འདུག
ཨ་ཉ་སེང་སྒྲ་ལགས་ནི་མགོ་ལོག་དགའ་བདེ་རྫོང་རྐྱང་ཆད་ཡུལ་ཚོ་ནས་ཡིན་པ་དང་། ཕྱི་ལོ་༢༠༡༨ཟླ་༩ཚེས་༤ཉིན་གྱི་ཕྱི་དྲོར་མགོ་ལོག་དགའ་བདེ་རྫོང་ཉེན་རྟོག་ཁང་གིས། ཨ་ཉ་སེང་སྒྲས་སྤྱི་ཚོགས་ནང་དཀྲུག་རྐྱེན་བསླངས་པའི་ཉེས་བ་ཡོད་སྐོར་བརྗོད་ནས་འཛིན་བཟུང་བྱས་ཏེ་ཟི་ལིང་གི་གྲོ་ཚང་བཀག་ཉར་ཁང་དུ་བཅུག་ཡོད་པ་དང་། ལོ་དེའི་ཕྱི་ཟླ་༩ཚེས་༡༢དང་། ཟླ་ ༡༠ཚེས་༢༡བཅས་སྔ་རྗེས་ཁོང་གི་བཟའ་ཟླ་དང་གཉེན་ཉེ། ཁྲིམས་རྩོད་པ་བཅས་དགའ་བདེ་རྫོང་ཉེན་རྟོག་ཁང་དུ་ཁོང་ལ་ཐུག་པར་ཕྱིན་ཡོད་ཀྱང་། ཉེན་རྟོག་པས་ཐུག་ཏུ་བཅུག་མེད་པ་རེད། མ་ཟད་ཁོང་གི་གྱོད་དོན་ཐད་གོང་གཏུག་རིམ་པ་བྱས་ཀྱང་སྐབས་འགར་ཁྲིམས་ཁང་ཀྱི་ལས་བྱེད་པ་ཚོས་ཡ་ལན་ཡག་པོ་བྱེད་ཀྱི་མེད་པའི་སྐོར་ཁྲིམས་རྩོད་པ་(Lin Qilei)་ཡིས་གནས་ཚུལ་བསྒྲགས་ཡོད་པ་རེད།
ཨ་ཉ་སེང་སྒྲ་ལགས་ཀྱི་བཟའ་ཟླ་གཡང་སྐྱིད་ལགས་ཀྱིས། ཨ་ཉ་སེང་སྒྲ་འཛིན་བཟུང་བཀག་ཉར་བྱས་པའི་རྒྱུ་མཚན་ནི། ཁོང་གིས་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་ཞིབ་དཔྱོད་ཁང་དང་པེ་ཅིན་གྲོང་ཁྱེར་གྱི་འབྲེལ་ཡོད་ཁྲིམས་ཁང་ཁག་ལ། ས་གནས་སྲིད་གཞུང་གིས་གོང་རིམ་ནས་མི་མང་ལ་སྤྲད་པའི་སྐྱོབ་གསོ་རོགས་དངུལ་ལྐོག་ཟ་བྱས་ཏེ། འབྲོག་པ་མང་ཚོགས་དབུལ་ཕོངས་ཀྱི་གནས་སུ་ལྷུང་བཞིན་ཡོད་པའི་སྐོར་ཞུ་གཏུག་བྱས་རྐྱེན་ཡིན་སྐོར་བརྗོད་ཡོད་པ་རེད།།
གསར་འགོད་པ། ཀེ་ཐོ།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།