རྒྱ་ནག་གིས་བོད་མི་ཆབ་སྲིད་བཙོན་ཟུར་བཞི་བསྐྱར་དུ་འཛིན་བཟུང་གིས་ཁྲིམས་ཐག་བཅད་འདུག

2023.11.16
རྒྱ་ནག་གིས་བོད་མི་ཆབ་སྲིད་བཙོན་ཟུར་བཞི་བསྐྱར་དུ་འཛིན་བཟུང་གིས་ཁྲིམས་ཐག་བཅད་འདུག རྒྱ་ནག་གིས་ཚེ་རྡོ་སོགས་ཆབ་སྲིད་བཙོན་ཟུར་བཞི་བསྐྱར་དུ་འཛིན་བཟུང་གིས་བཙོན་འཇུག་བྱས་བའི་མཚོན་དོན་པར་རིས།
ནོར་སྒྲོན། / RFA

དེ་ཡང་རྒྱ་ནག་གཞུང་གིས་བཅད་བགོས་བྱས་པའི་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ། གསེར་རྟ་རྫོང་ཁེས་སྐོར་ཡུལ་ཚོའི་ཨ་བོས་དཀྱིལ་རི་མགོ་སྡེ་བ་ནས་ཡིན་པ། དེ་སྔ་སྤྱི་ལོ་༢༠༢༢ལོའི་ཕྱི་ཟླ་༨པའི་ནང་འཛིན་བཟུང་གིས་བཀག་ཉར་བྱས་རྗེས་འདི་ལོའི་སྤྱི་ཟླ་བདུན་པའི་ནང་གློད་གྲོལ་བྱུང་བའི་དགེ་ལོ་དང་། ཚེ་རྡོ། འབའ་མོ། ཀོ་རིས་བཅས་བསྐྱར་དུ་སྤྱི་ཟླ་༩བའི་ནང་རྒྱུ་མཚན་ཁ་གསལ་གང་ཡང་མེད་པར་འཛིན་བཟུང་གིས་མི་ལོ་གཉིས་རེའི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་པ། བཙན་བྱོལ་ནང་ཡོད་པའི་འབྲེལ་ཡོད་ཁག་ཅིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
ཁོང་ཚོས་དེ་སྔ་ཕྱི་ལོ་༢༠༢༢་ལོའི་ཕྱི་ཟླ་༨པའི་ཚེས་༢༤ཉིན་ཡུལ་སྡེའི་རི་མགོར་བསང་གསོལ་དང་ལབ་རྩེ་བསྟོད་པ། ཆོས་ཕྱོགས་ཀྱི་ཞབས་རིམ་བསྒྲུབས་པའི་ཉེས་མིང་འོག་རྒྱ་ནག་གཞུང་གིས་འཛིན་བཟུང་གིས་ཟླ་བ་དྲུག་རིང་བཀག་ཉར་བྱས་མྱོང་བ་དང་། སྐབས་དེར་འཛིན་བཟུང་བཀག་ཉར་བྱས་པ་ལོ་ན་༥༢་ཡིན་པ་ཕྱུག་དར་ལགས་བཀག་ཉར་དང་འདྲི་བརྩད་སྐབས་གཅར་རྡུང་མནར་གཅོད་འོག་གཟའ་འཁོར་གཅིག་ཙམ་གྱི་རྗེས་སུ་བཀག་ཉར་ཁང་དེ་གའི་ནང་འདས་གྲོངས་སུ་གྱུར་ཡོད་པ་རེད།
གནས་ཚུལ་མཁོ་སྤྲོད་པས་མུ་མཐུད་དུ་འགྲེལ་བརྗོད་གནང་བ་ལྟར་ན། གོང་བརྗོད་བོད་མི་དེ་ཚོར་ད་རེས་ཁྲིམས་ཐག་བཅད་སྐབས་ནང་མི་སོགས་ལ་བརྡ་ལན་སྤྲད་མེད་པ་དང་། ཁྲིམས་ཁང་གང་ནས་ཁྲིམས་ཐག་བཅད་མིན་གནས་ཚུལ་གསལ་ཁ་མེད་པ་རེད། འོན་ཀྱང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། བོད་མི་བཞི་པོ་དེ་དག་ད་སྐབས་སི་ཁྲོན་གཡག་རྔ་བཙོན་ཁང་དུ་བཙོན་འཇུག་བྱེད་མུས་ཡིན་འདུག
ཕྱི་ལོ་༢༠༢༢ལོར་བཀག་ཉར་ཁང་ནང་འདས་གྲོངས་སུ་ཕྱིན་པ་ཕྱུག་དར་ལགས་ཀྱི་ནང་མི་ཚོས། ཕྱུག་དར་ལགས་གསེར་རྟ་རྫོང་གི་ཉེན་རྟོག་པས་བཅར་རྡུང་འོག་དམར་བསད་བཏང་ཡོད་པ་བརྗོད་བཞིན་ཡོད་ནའང་། གསེར་རྟ་རྫོང་གི་ཉེན་རྟོག་པས་དེ་ལྟར་ངོས་ལེན་བྱས་མེད་པ་རེད། འོན་ཀྱང་ཕྱུག་དར་ལགས་འདས་གྲོངས་སུ་གྱུར་རྗེས་ཁོང་གི་ཕུང་པོ་གང་མགྱོགས་རྩིས་ལེན་བྱས་ཚེ་རྒྱ་སྒོར་འབུམ་གཅིག་སྤྲོད་རྒྱུ་ཡིན་པ་བརྗོད་ཡོད་འདུག འོན་ཀྱང་ནང་མི་ཚོས་དེར་མོས་མཐུན་བྱས་མེད་པ་དང་། རྗེས་སུ་སྲིད་གཞུང་གིས་དངུལ་སོགས་གང་ཡང་སྤྲད་མེད་པ་རེད་འདུག
རྒྱ་ནག་གཞུང་གིས་འདས་པའི་ལོ་ཤས་ནས་བཟུང་། བོད་ཀྱི་ས་ཁུལ་མང་དག་ཅིག་ནང་། དགོན་གྲོང་གཉིས་སུ་བསང་གསོལ་གཙོས་ཆོས་ཕྱོགས་ཀྱི་བྱེད་སྒོ་རིགས་ལ་དམ་དྲག་ཤུགས་ཆེ་བྱེད་བཞིན་ཡོད་པ་དང་། དེ་སྔ་ཕྱི་ལོ་༢༠༢༢་ལོར་མགོ་ལོག་ཕྱོགས་སུ་རི་མགོར་ཆོས་དར་འཛུགས་རྒྱུའི་ཚབ་ཏུ་རྒྱ་ནག་གི་རྒྱལ་དར་འཛུགས་བཅུག་པའི་གནས་ཚུལ་བྱུང་ཡོད་པ་རེད།


གསར་འགོད་པ། དཔལ་འབར།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎