བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ཟེར་བའི་ནང་གི་བོད་རིགས་དཔོན་རིགས་ཁག་ཅིག་ལ་ཞིབ་བཤེར་བྱེད་བཞིན་ཡོད་འདུག

2024.10.03
བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ཟེར་བའི་ནང་གི་བོད་རིགས་དཔོན་རིགས་ཁག་ཅིག་ལ་ཞིབ་བཤེར་བྱེད་བཞིན་ཡོད་འདུག རྒྱ་ནག་གཞུང་གིས་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ཟེར་བའི་ནང་གི་བོད་རིགས་དཔོན་རིགས་ལ་ཞིབ་བཤེར་བྱེད་བཞིན་པ་ཁག་ཅིག
ICT

ཉེ་བའི་ཟླ་ཤས་རིང་རྒྱ་ནག་གི་ལྐོག་ཟ་རུལ་སུངས་ལ་རྒོལ་བའི་སྒྲིག་ཁྲིམས་ཞིབ་བཤེར་ལས་ཁུངས་ཀྱིས། དེང་སང་རྒྱ་ནག་ཡུན་ནན་ཞིང་ཆེན་གྱི་ཁོངས་སུ་བཅུག་ཡོད་པའི་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ལམ་བོད་ཀྱི་ལོ་རྒྱུས་སུ་རྒྱལ་ཐང་ཞེས་འབོད་པ་རུ། བོད་རིགས་མཐོ་རིམ་དཔོན་རིགས་ཁག་ཅིག་ལ་ལྐོག་ཟ་རུང་སུངས་ཀྱི་བྱ་སྤྱོད་ཐད་རྟོག་ཞིབ་བྱེད་བཞིན་ཡོད་པའི་གནས་ཚུལ་ཐོན་ཡོད་པ་དང་། གནད་དོན་འདིའི་ཐོག་ནས་རྒྱ་ནག་གི་དཔོན་རིགས་ནང་ལྐོག་ཟ་རུལ་སུངས་ཀྱི་གནས་སྟངས་སྔར་བཞིན་ཚབས་ཆེན་ཡིན་པ་དང་། ཡང་ན་ཆབ་སྲིད་བརྟན་བརླིང་མིན་པའི་སྣང་ཚུལ་མཚོན་གྱི་ཡོད་པ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་གནས་ཚུལ་སྤེལ་འདུག
གནས་ཚུལ་འདི་དང་འབྲེལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཉམས་ཞིབ་པ་བསྟན་འཛིན་ནོར་རྒྱས་ལགས་སུ་བཅར་འདྲི་ཞུས་སྐབས། ཁོང་གིས། རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཁག་ཏུ། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་མཐོ་རིམ་དཔོན་རིགས་ཁག་ཅིག་ལ་ལྐོག་ཟ་རུང་སུངས་དང་འབྲེལ་བའི་ཁྲིམས་སྒྲིག་ལ་རྒྱབ་འགལ་བྱས་རྐྱེན་ཞིབ་བཤེར་བྱེད་བཞིན་ཡོད་ལུགས་བརྗོད་པ་ལས། གནས་ཚུལ་ཞིབ་ཕྲ་བསྒྲགས་ཀྱི་མེད་པ་གསལ་སྟོན་གནང་བ་འབྲེལ། རྩ་བའི་རྒྱ་ནག་གི་གཙོ་འཛིན་ཞི་ཅིན་ཕིང་གིས་སྤྱི་ལོ་༢༠༡༢ལོར་སྲིད་དབང་བཟུང་བ་ནས་བཟུང་འདས་པའི་ལོ་བཅུ་གཉིས་ལྷག་གི་རིང་དུ་ལྐོག་ཟ་རུལ་སུངས་ལ་རྡུག་རྡེག་གི་ལས་དོན་སྤེལ་ཡོད་ཀྱང་ད་དུང་གཙང་སེལ་བྱེད་ཐུབ་པ་མེད་པ་དེ་ནི་རྒྱ་ནག་དམར་ཤོག་ཚོགས་པའི་ལམ་ལུགས་རང་ལ་སྐྱོན་ཆ་ཡོད་པས་རེད་ལ། ཕྱོགས་གཞན་ནས་རྒྱ་ནག་དམར་ཤོག་ཚོགས་པའི་ཆབ་སྲིད་ཀྱི་དགོས་མཁོ་ལ་གཞིགས་པའི་བྱ་ཐབས་ཞིག་དང་། རྒྱ་ནག་གི་དཔོན་རིགས་བར་གྱི་དབང་ཆའི་འཐབ་རྩོད་དང་འབྲེལ་བ་ཡོད་སྲིད་པ་ཙམ་ལས་ས་གནས་ས་ཐོག་ལ་འགྱུར་བ་ཐེབས་ཀྱི་ཡོད་པ་ཞིག་མ་རེད་ཅེས་དཔྱད་བརྗོད་གནང་བྱུང་།
རྒྱ་ནག་གཞུང་གིས་རྟོག་ཞིབ་བྱེད་བཞིན་པའི་དཔོན་རིགས་དེ་དག་གི་གྲས་སུ་རྒྱ་མིང་དང་བོད་མིང་གཉིས་ཀ་ཡོད་ཀྱང་། ཚང་མ་བོད་རིགས་ཡིན་པ་བཀོད་ཡོད་འདུག་ལ། དེ་དག་ཁྲོད་གཅིག་གིས་དེ་སྔ་བདེ་ཆེན་ཁུལ་གྱི་ཁུལ་དཔོན་གྱི་འགན་འཁུར་མྱོང་ཡོད་འདུག་ལ། དེ་མིན་ཉུང་མཐའ་མི་གསུམ་ཀྱིས་དེ་སྔ་བདེ་ཆེན་ཁུལ་གྱི་ཁུལ་དཔོན་གཞོན་པའི་འགན་ཁུར་མྱོང་ཡོད་པ་རེད།
ཕྱི་ལོ་༢༠༢༤ལོའི་ཕྱི་ཟླ་བཞི་བ་ནས་བཟུང་། བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ཟེར་བའི་ནང་། འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་ཀྱི་འགོ་གཙོ་སྐལ་བཟང་རྣམ་རྒྱལ་དང་། བདེ་ཆེན་ཁུལ་རྒྱུན་ལས་དང་སྲིད་ཁྲིམས་ལས་ཁུངས་ཀྱི་འགན་འཛིན་བཀྲ་ཤིས་དོན་གྲུབ། ལི་ཅང་གྲོང་ཁྱེར་གྱི་དམར་ཕྱོགས་དྲུང་གཞོན་དང་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་ཀྱི་འགོ་གཙོ་(Feng Yuxiang)་སོགས་ཀྱི་ཐོག་རྟོག་ཞིབ་བྱེད་བཞིན་པའི་སྒང་ཡིན་པ་གནས་ཚུལ་ནང་བཀོད་འདུག
རྒྱ་ནག་གི་(Sina)་དཔལ་འབྱོར་དྲ་ཚིགས་སུ་གནས་ཚུལ་སྤེལ་བར་ལྟར་ན། ཡུན་ནན་ཞིང་ཆེན་གྱིས་ལྐོག་ཟ་རུལ་སུངས་ལ་ངོ་རྒོལ་གྱི་ལས་དོན་གཏིང་ཟབ་སྤེལ་བཞིན་པའི་ཁྲོད། སྤྱི་ལོ་༢༠༢༤ལོ་གསར་པ་ཚེས་ནས་བཟུང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་འབྲེལ་ཡོད་འགོ་ཁྲིད་༡༧ནས་རང་འགུལ་གྱི་མགོ་བཏགས་པ་ལྟར་ཞིབ་བཤེར་བྱེད་བཞིན་ཡོད་ལུགས་བསྒྲགས་འདུག
བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ནི་རྒྱ་ནག་གི་ཡུན་ནན་ཞིང་ཆེན་ཁོངས་ཀྱི་བོད་རིགས་རང་སྐྱོང་ཁུལ་གཅིག་པུ་དེ་ཡིན་པ་དང་། སྤྱི་ལོ་༢༠༢༢ལོའི་རྒྱ་ནག་གི་མི་འབོར་ཞིབ་བཤེར་ལྟར་ན། ཁུལ་དེར་རྒྱུན་སྡོད་མི་གྲངས་ཁྲི་༣༩ལྷག་ཡོད་པའི་ཁོངས་སུ། བོད་མི་ཁྲི་༡༣ལྷག་ཡོད་ཅིང་། མི་འབོར་ཡོངས་ཀྱི་བརྒྱ་ཆའི་༣༦ལྷག་ཟིན་གྱི་ཡོད་པ་དང་། བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་དུ་རྒྱ་ནག་གི་བརྗོད་པའི་གྲངས་ཉུང་མི་རིགས་གཞན་མང་པོ་ཞིག་ཀྱང་ཡོད་པ་རེད།


གསར་འགོད་པ། བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎